༢༠༡༧ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །འདི་གར་བལ་ཡུལ་རྒྱལ་ས་ཀཐ་མན་གྲུའི་ས་གནས་བོད་མིའི་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༧ ཉིན་བཏང་གནས་ནང་འཁོད་དོན།
འདི་ག་བལ་ཡུལ་རྒྱལ་སའི་ས་གནས་འཐུས་ཚོགས་སྐབས་བདུན་པའི་ལས་ཡུན་ལོ་གསུམ་གཙང་པར་བརྟེན། ས་འཐུས་སྐབས་བརྒྱད་པའི་སྔོན་འགྲོ་དངོས་གཞིའི་འོས་བསྡུ་ལེགས་གྲུབ་ཀྱི་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༧ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཟུང་དྲུང་ཟུར་པ་ཚེ་གསུམ་ལྷ་མོ་ལགས་ལ་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་གནང་དོན།
གོང་ཚེས་ཉིན་བལ ཡུལ་དོན་གཅོད་ཁང་གི་ཚོགས་ཁང་ནང་དུ་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་ས་གནས་ཁྲིམས་ཞིབ་པ་མཆོག་གིས་གཙོས་འདེམས་ཐོན་ས་འཐུས་གྲངས་ ༡༡ ནས་འཐུས་མི་ ༡༠ ལ་སྐབས་ ༨ པའི་ས་གནས་འཐུས་མིའི་དམ་འབུལ་བཞེས་གནང་བ་དང་ཆབས་ཅིག་སྐབས་ ༨ ཚོགས་གཙོར་བསོད་ནམས་ཚེ་རིང་ལགས་འདེམས་ཐོན་བྱུང་བ་དང་ཚོགས་གཞོན་དུ་ཚ་སྤྲུལ་ཚང་བློ་བཟང་བསྟན་འཛིན་ལགས་འདེམས་ཐོན་བྱུང་ཡོད།
དེ་རྗེས་ས་གནས་ཁྲིམས་ཞིབ་པ་མཆོག་གི་སྐུ་མདུན་ནས་ཚོགས་གཙོ་དང་ཚོགས་གཞོན་དམ་འབུལ་བཞེས་གནང་རྗེས་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། ས་གནས་འོས་བསྡུ་ལས་ཁང་ནས་འདེམས་ཐོན་ས་འཐུས་ཡོངས་ལ་དཀར་གཙང་མཇལ་དར་རེ་སྒྲོན་ཏེ་བལ་ཡུལ་རྒྱལ་སའི་སྐབས་ ༨ ས་འཐུས་དམ་འབུལ་གྱི་མཛད་སྒོ་དེ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་པ་བཅས། །།