ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པས་བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་ལས་པ་རྣམས་ཀྱི་སྒྱུ་རྩལ་གོང་འཕེལ་གཏོང་ཆེད་ཧིན་སྒོར་འབུམ་གསུམ་རེའི་མ་དངུལ་གནང་རྒྱུ་འདི་ལོའི་ཕྱི་ཟླ་ ༥ ཚེས་ཤར་ལ་གསལ་བསྒྲགས་གནང་བ་བཞིན། དེ་རིང་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་ཕྱི་ལོ་ ༢༠༡༧ ལོའི་གློག་བརྙན་མ་དངུལ་ནང་འདེམས་སྒྲུག་བྱུང་བ་རྣམས་ལ་གློག་བརྙན་བཟོ་སླད་ཧིན་སྒོར་འབུམ་གསུམ་རེའི་མ་དངུལ་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། བསྟན་འཛིན་བསོད་ནམས་ལགས། བསྟན་འཛིན་ཚེ་བརྟན་མཆོག་ལེགས་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱི་ཐོག་མར་དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་ཕྱི་ལོ་ ༢༠༡༧ ལོའི་གློག་བརྙན་མ་དངུལ་གནང་དགོས་པའི་རྒྱུ་མཚན་ནི་བཙན་བྱོལ་ནང་རྣམ་དཔྱོད་བེད་སྤྱོད་བཏང་བའི་ཐོག་ནས་གློག་བརྙན་བཟོ་མཁན་དང་། བཟོ་རྒྱུར་འདོད་པ་ཡོད་མཁན། དེ་བཞིན་གློག་བརྙན་བཟོ་རྒྱུར་སྦྱོར་བརྡར་གནང་མཁན་བཅས་ལ་སྡིངས་ཆ་སྐྲུན་དང་། དཔལ་འབྱོར་གྱི་རྒྱབ་བརྟེན་བྱུང་ན་སོ་སོའི་ལས་འཆར་ཡོངས་རྫོགས་དངོས་སུ་ལག་བསྟར་ཐུབ་པའི་གནས་སྟངས་ཆགས་ཀྱི་ཡོད་སྟབས་ང་ཚོས་གསལ་བསྒྲགས་གནང་བ་རེད། ཅེས་སོགས་ཀྱི་ངོ་སྤྲོད་གནང་གྲུབ་མཚམས་ཕྱི་དྲིལ་བརྙན་འཕྲིན་ཚན་པའི་འགན་འཛིན་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་ཐུབ་བསྟན་བསོད་ནམས་རྡོ་རྗེ་ལགས་དང་། སྐལ་བཟང་འཇིགས་མེད་ལགས། འཇམ་དཔལ་ཤེས་རབ་ལགས་བཅས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་ཕྱི་ལོ་ ༢༠༡༧ ལོའི་གློག་བརྙན་མ་དངུལ་ནང་འདེམས་སྒྲུག་བྱུང་བའི་གསལ་བསྒྲགས་གནང་བ་དང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་རྣམ་པར་ཧིན་སྒོར་འབུམ་གསུམ་རེ་མ་དངུལ་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། བོད་ནང་ནས་གློག་བརྙན་མང་པོ་བཟོ་བཞིན་ཡོད། དེ་བཞིན་འབྲུག་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ནའང་གློག་བརྙན་མང་པོ་་བཟོ་བཞིན་ཡོད། བལ་ཡུལ་ནས་ཀྱང་གློག་བརྙན་མང་པོ་བཟོ་བཞིན་ཡོད། བོད་པའི་ནང་ལ་ཡིན་ནའང་གློག་བརྙན་གང་མང་བཟོ་རྒྱུ་གལ་ཆེན་པོ་རེད་འདུག དེར་བརྟེན་བོད་མིའི་སྒྲིག་འཛུགས་ནས་གང་བྱེད་དགོས་ན། ཞེས་བཀའ་བསྡུར་རིམ་པ་བྱུང་སྟེ་གལ་ཏེ་གློག་བརྙན་བཟོ་མཁན་རིགས་ཡོད་ན་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་རྒྱུ་ཐག་གཅོད་བྱུང་བ་རེད། རྩ་བའི་དེ་སྔའི་སྔོན་རྩིས་ནང་གློག་བརྙན་ལྔ་བཟོ་རྒྱུའི་འཆར་གཞི་སྒྲིག་པ་རེད། འོན་ཀྱང་ད་རེས་འགོ་འཛུགས་ཀྱི་ཡོད་སྟབས་གློག་བརྙན་གསུམ་བཟོ་རྒྱུ་དང་། གློག་བརྙན་མ་བཟོ་སྔོན་སྦྱོང་བརྡར་ཞིག་སྤྲོད་ཐུབ་ན། གློག་བརྙན་གྱི་སྤུས་ཚད་ཕྲན་བུ་བཟང་བ་བྱུང་ན་ཡག་པོ་འདུག་ཅེས་མ་དངུལ་འབུམ་བཅུ་གཉིས་བཞག་པ་རེད།
སྦྱོང་བརྡར་དང་ཟབ་སྦྱོང་སླད་འབུམ་གསུམ་དང་གློག་བརྙན་བཟོ་མཁན་གསུམ་ལ་འབུམ་གསུམ་རེས་གནང་རྒྱུ་གཏན་འཁེལ་བྱུང་བ་རེད། ད་རེས་ཐོག་མར་སྙན་ཞུ་ཕུལ་མཁན་མི་བཅུ་གཉིས་བྱུང་འདུག འོན་ཀྱང་དངོས་སུ་ཆ་ཤས་ལེན་མཁན་དྲུག་ལས་བྱུང་མི་འདུག ད་རེས་གསོལ་རས་ཐོབ་མཁན་གསུམ་བྱུང་བ་རེད། ལོ་རྗེས་མར་དེ་ལས་མ་དགོས་ཀྱི་ཡོད་ནའང་ཆ་ཤས་བླང་མཁན་ཇི་ཙམ་ཡོང་མིན་ཐེ་ཚོམ་ཡོད། ཆ་ཤས་བླང་མཁན་ཇི་ཙམ་མང་བ་བྱུང་ན། བོད་མིའི་སྒྲིག་འཛུགས་གསོལ་རས་དང་མཐུན་རྐྱེན་འདི་ནས་མང་ཙམ་གནང་རྒྱུའི་བསམ་བློ་ཡོད། ད་རེས་གསུམ་འདེམས་སྒྲུག་གནང་ཡོད་ཀྱང་ལོ་རྗེས་མར་བཞི་དང་ལྔ་བཟོ་དགོས་མིན་སྙན་ཞུ་འབུལ་མཁན་དང་དོ་སྣང་ཡོད་མིན་ལ་རགས་ལུས་ཀྱི་རེད། ཅེས་ཞུ་རྒྱུ་ཡིན་ཞེས་སོགས་གསུངས།
སྤྱིར་ཐུབ་བསྟན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཕོ་མོ་འདྲ་མཉམ། བུད་མེད་ནུས་སྟོབས་གོང་འཕེལ་ཞེས་པའི་བརྗོད་གཞི་དང་འབྲེལ། བུ་ཁྲིད་ཟེར་བའི་དངོས་བྱུང་མིན་པར་འཁྲབ་སྟོན་གྱི་ལམ་ནས་གློག་བརྙན་ཞིག་བཟོ་གཏན་འཁེལ་ཡོད་པ་དང་། སྐལ་བཟང་འཇིགས་མེད་ལགས་ཀྱིས་བཙན་བྱོལ་ནང་གི་མང་གཙོ་སྐོར་དང་འབྲེལ། བོད་རིགས་ཁ་ཆེའི་སྐོར་ལ་དངོས་བྱུང་གློག་བརྙན་ཞིག་བཟོ་རྒྱུ་རེད་འདུག འཇམ་དཔལ་ཤེས་རབ་ལགས་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཐུན་མོང་གི་མངོན་འདོད་ཞེས་པའི་བརྗོད་གཞིའི་འོག་རང་ཉིད་ཀྱི་ཕ་འདས་པོའི་ལོ་རྒྱུས་དང་འབྲེལ་བོད་མི་དང་ཞབས་པའི་སྐོར་ལ་དངོས་བྱུང་གློག་བརྙན་ཞིག་བཟོ་འཆར་འདུག
གསལ་བསྒྲགས་དགོངས་དོན་བོད་སྐད་དང་ཨིན་སྐད་གང་རུང་ཐོག་མཆན་འགོད་དུས་ཡུན་སྐར་མ་བཅུ་ལས་མ་མང་བའི་གློག་བརྙན་རེ་བཟོ་དགོས་པ་དང་། དེ་ཡང་གློག་བརྙན་གྱི་གཏན་འབེབས་བརྗོད་གཞི་གསུམ་ནི། བཙན་བྱོལ་ནང་གི་མང་གཙོ། བོད་གཞིས་བྱེས་གཉིས་ཀྱི་ཐུན་མོང་གི་མངོན་འདོད། ཕོ་མོ་འདྲ་མཉམ། བུད་མེད་ནུས་སྟོབས་གོང་འཕེལ་བཅས་ཡིན་པ་དང་། བདམས་ཐོན་པ་རྣམས་ནས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༢ ཚེས་ ༢༠ ཉིན་གློག་བརྙན་ཆ་ཚང་བཟོ་ཟིན་པ་དགོས་ཀྱི་ཡོད།
ལས་གཞིའི་དམིགས་ཡུལ་གཙོ་བོ་ནི། བོད་མི་གློག་བརྙན་བཟོ་ལས་པ་ཚོར་ཆེ་མཐོང་དང་དཔལ་འབྱོར་རམ་འདེམས་ཞུ་རྒྱུ་དང་། གློག་བརྙན་བཟོ་སྐྲུན་གྱི་ཆེད་ལས་ཐོག་དོ་དབྱིངས་དང་སེམས་ཤུགས་སྤར་རྒྱུ། དེ་བཞིན་བརྗོད་གཞིའི་ནང་དོན་འདྲ་མིན་ཐོག་ནས་བོད་དོན་སྐོར་གྱི་གློག་བརྙན་གང་མང་ཐོན་ཐབས་བཅས་ཀྱི་ཆེད་དུ་རེད། ལས་གཞི་འདི་འདི་ལོ་༢༠༡༧ ནས་བཟུང་ལོ་ལྟར་གནང་རྒྱུ་ཡིན་འདུག་པ་བཅས།།