ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་འཇར་མན་རོགས་ཚོགས་ German Aid to Tibetans ནས་དཔལ་འབྱོར་མཐུན་འགྱུར་རོགས་རམ་འོག་བོད་ཀྱི་ཟློས་གར་ཚོགས་པའི་བུ་མོ་ཉལ་ཁང་གསར་རྒྱག་གི་ལས་གཞི་ལེགས་གྲུབ་བྱུང་བ་དེ་ཉིད་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་རྣམ་པ། འཇར་མན་རོགས་ཚོགས་ཀྱི་སྐུ་ཚབ་སོགས་ལྷན་འཛོམས་ཀྱིས་ཐོག་མར་དགེ་འདུན་པ་ཁག་གཅིག་གིས་ཤིས་བརྗོད་གསུང་འདོན་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་པང་རྡོ་ཞལ་ཕྱེ་དང་། དེ་བཞིན་ཉལ་ཁང་གི་རྒྱལ་སྒོའི་དར་མཚོན་གཅོད་འབྲེག་དང་འབྲེལ་དབུ་འབྱེད་གནང་རྗེས་ཉལ་ཁང་ལ་གཟིགས་ཞིབ་གནང་གྲུབ་མཚམས་བུའི་ཉལ་ཁང་རྒྱ་སྐྱེད་ཀྱི་ལས་གཞི་ལེགས་གྲུབ་བྱུང་བ་དེ་ཉིད་ཀྱང་དབུ་འབྱེད་གནང་སོང་།
དེ་ནས་ཆུ་ཚོད་ ༢།༣༠ ཙམ་ལ་དངོས་གཞི་མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་ཉལ་ཁང་དབུ་འབྱེད་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་སྟེ་ལས་གཞི་དང་དམིགས་བསལ་འབྲེལ་བ་ཡོད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་རྗེས་འཇར་མན་རོགས་ཚོགས་ཀྱི་སྐུ་ཚབ་ཧ་རེ་ Harey ལགས་ཀྱིས་འཇར་མན་རོགས་ཚོགས་ཀྱི་ཚོགས་གཙོའི་གསུང་འཕྲིན་སྒྲོགས་སྦྱང་ཞུས།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། བོད་ཀྱི་ཟློས་གར་ཚོགས་པའི་བུ་མོ་ཉལ་ཁང་གསར་བཟོ་སླད་བོད་མིའི་སྒྲིག་འཛུགས་ནས་འབུམ་ ༧༥ གནང་བ་རེད། དེ་རིང་བོད་ཀྱི་ཟློས་གར་ཚོགས་པའི་བུ་མོ་ཉལ་ཁང་གསར་པ་དང་། བུའི་ཉལ་ཁང་རྒྱ་སྐྱེད་ཀྱི་ལས་གཞི་ལེགས་གྲུབ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེ་བཞིན་ཚོགས་ཁང་གསར་རྒྱག་དང་ལས་ཤག་ཉམས་བཟོའི་ལས་གཞི་ཞིག་ཀྱང་ཡོད།
བཙན་བྱོལ་ནང་ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཐོག་མ་ཀ་སྦུག་ཏུ་བཙུགས་པ་རེད། དེ་ནས་མ་སུ་རིར་འཁྱུག་ཙམ་སྤོས་ཏེ་ཕྱི་ལོ་ ༡༩༦༠ ནང་རྡ་སར་སྤོས་སྟབས། ཕྱི་ལོ་ ༢༠༡༩ ལོར་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོོའི་སྐབས་ཉལ་ཁང་དང་ཚོགས་ཁང་ཡོངས་སུ་ལེགས་པར་གྲུབ་ཟིན་པ་དང་། སྐབས་དེར་གཞས་སྣ་དང་གཏམ་བརྗོད་འཁྲབ་སྟོན་དང་། ལྷག་པར་བདུན་ཕྲག་གཅིག་རིང་བོད་ཀྱི་རིག་གཞུང་སྐོར་རྒྱལ་སྤྱིའི་ཚོགས་འདུ་འཚོགས་དགོས་ཀྱི་འདུག
ཉེ་ཆར་ངོས་རང་ཨོ་ཌ་བར་བཅར་བའི་སྐབས་སུ་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་མཇལ་བྱུང་། སྐབས་དེར་ཁོང་གིས་ཨ་རུ་ན་ཅལ་ནས་གཞོན་སྐྱེས་སུམ་ཅུ་སོ་གྲངས་འདིར་བསླེབས་ཡོད་པར་བརྟེན། མཛད་སྒོ་གང་འདྲ་ཞིག་ཚོགས་པ་ཡིན་ནའང་། མཛད་སྒོ་ཚོགས་ཀྱི་ཡོད་བསམ་བསམ་ལྟ་བུ་ཡོད། གང་ཡིན་ཟེར་ན། གཞོན་སྐྱེས་དེ་དག་གིས་གཞས་སྣ་འཁྲབ་ཤེས་ཀྱི་ཡོད་སྟབས། སྐུ་མགྲོན་གདན་འདྲེན་ཞུས་པ་ཡིན་ནའང་དགའ་སྤོབས་ཆེན་པོའི་སྒོ་ནས་ཞུས་ཐུབ་ཀྱི་འདུག བོད་ཀྱི་ཟློས་གར་ཚོགས་པ་བརྒྱུད་འཁྲབ་སྟོན་གནང་མཁན་དགེ་རྒན་མང་པོ་ཞིག་ལ་སྦྱོང་བརྡར་ཐོབ་པར་བརྟེན་འཛམ་གླིང་ཡུལ་གྲུ་མང་དག་ཅིག་གི་ནང་བོད་ཀྱི་རིག་གཞུང་འགྲེམས་སྤེལ་ཐུབ་པ་བྱུང་ཡོད། བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་གོང་སྤེལ་གཏོང་ཆེད་ཐུགས་ཕན་གསོ་བའི་ཞབས་འདེགས་ཞུས་ཡོད།
བོད་ནང་ཆ་བཞག་ན། རྒྱ་ནག་གཞུང་གིས་འཕྲལ་ཕུགས་རྒྱང་གསུམ་གྱི་དམིགས་ཡུལ་ནི། བོད་ཡུལ་འདི་རྒྱ་ཡུལ་དུ་བསྒྱུར་རྒྱུ་དང་། བོད་རིགས་རྒྱ་རིགས་སུ་བསྒྱུར་རྒྱུ། བོད་པའི་རིག་གཞུང་འདི་རྒྱའི་རིག་གཞུང་དུ་བསྒྱུར་བར་ཉིན་རེ་བཞིན་སྲིད་བྱུས་གནག་པོ་ཡོད་པའི་ཐོག་ནས་འབད་བརྩོན་བྱས་དང་བྱེད་མུས་རེད། དེ་ལ་གདོང་ལེན་ཆེད་བཞུགས་སྒར་རྡ་སར་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་བོད་ཀྱི་སྲོལ་རྒྱུན་གྱི་ལམ་ལུགས་དང་། གཞས་སྣ་འཁྲབ་སྟངས། འཁྲབ་ཆས་སོགས་སྔར་ལྟར་སྲུང་སྐྱོབ་བྱེད་ཐུབ་པ་འདི་རླབས་ཆེན་གྱི་བྱས་རྗེས་ཤིག་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།།