༢༠༡༧ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ལྕམ་སྐུ་ཇེ་སིན་ཌ་ཨར་ཌེན་ Jacinda Ardern མཆོག་ནིའུ་ཛི་ལེནྜི་ New Zealand ཡུལ་གྱི་སྲིད་བློན་གསར་པར་འོས་འདེམས་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་ཞུས་འདུག དེ་ཡང་ལྕམ་སྐུ་ཇེ་སིན་ཌ་ཨར་ཌེན་མཆོག་ནི་ཡུལ་དེར་འདས་པའི་མི་ལོ་ ༡༥༠ རིང་སྲིད་བློན་རིམ་ཕེབས་ཁྲོད་སྐུ་ན་ཕྲ་ཤོས་དང་། བུད་མེད་ཀྱི་སྲིད་བློན་གསུམ་པ་ཆགས་འདུག
དེ་ཡང་འཚམས་འདྲི་དེའི་ནང་དོན། ཐེངས་འདིར་ཡུལ་དེའི་མི་མང་ཚོས་བུད་མེད་ཞིག་ལ་སླར་ཡང་སྲིད་བློན་དུ་འོས་འདེམས་གནང་བ་དེ་ནི་ཡུལ་དེར་ཐེངས་གསུམ་པ་ཆགས་པ་མ་ཟད། ལྕམ་སྐུ་མཆོག་ཡུལ་དེའི་སྲིད་བློན་དུ་བདམས་པ་དེ་ནི་ཡུལ་དེའི་གུ་ཡངས་རིང་ལུགས་ལ་རིན་ཐང་ཆེན་པོ་ཇི་ཙམ་སྤྲོད་བཞིན་པ་གསལ་འདོན་གནང་ཡོད། ལྕམ་སྐུ་མཆོག་གིས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་། སྤྱི་ཚོགས་ནང་འདྲ་མཉམ་མེད་པའི་དཀའ་ངལ། དེ་བཞིན་བུད་མེད་རྣམས་རང་གི་ནང་ཙམ་མ་ཟད། ལས་ཀ་བྱེད་ཡུལ་སོགས་ཀྱི་གནས་སྟངས་ཇེ་བཟང་དུ་གཏོང་རྒྱུའི་ཁས་ལེན་གནང་བ་དེས་དབུ་ཁྲིད་ཀྱི་འཆར་སྣང་དང་ཕུགས་རྒྱང་རིང་པོར་དགོངས་པ་གཏིང་གཟབ་བཞེས་མཁན་ཞིག་ཡིན་པ་གསལ་འདོན་གནང་ཡོད།
གོང་གི་དཀའ་ངལ་དེ་དག་ཐོག་ཕྱག་ལས་གནང་སྐབས་འཛམ་གླིང་སྤྱིའི་བདེ་དོན་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པར་བརྟེན་སྲིད་སྐྱོང་མཆོག་གིས་སྲིད་བློན་ཇེ་སིན་ཌ་ཨར་ཌེན་མཆོག་ནི་བུད་མེད་གཞན་ཙམ་མ་ཟད། འཛམ་གླིང་ཁྱོན་དུ་བུད་མེད་མིག་དཔེ་འོས་པ་ཞིག་ཆགས་ཡོད་སྐོར་དང་། ལྷག་པར་ལྕམ་སྐུ་མཆོག་གིས་རིན་མེད་ཤེས་ཡོན་དང་བུད་མེད་ཀྱི་ཐོབ་ཐང་ཐོག་འབད་བརྩོན་རྒྱ་ཆེ་གནང་བར་བསྔགས་བརྗོད་ཀྱང་གནང་བ་དང་སྦྲགས། མཐའ་དོན་སྲིད་སྐྱོང་མཆོག་གིས་སྲིད་བློན་གསར་པ་མཆོག་གི་ལས་ཡུན་རིང་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་ཡོང་རྒྱུ་དང་ལྷག་པར་བོད་ཀྱི་གནད་དོན་དེ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་གསལ་ཐུབ་པའི་རེ་བ་ཡོད་སྐོར་གསུངས།
སྤྱིར་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༥ ནང་ཡུལ་དེར་ཐེངས་དང་པོ་ཕྱོགས་ཕེབས་གནང་ཡོད་པ་བཅས།།