༢༠༡༧ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཉེ་ལམ་ཉི་ཧོང་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ཉི་ཧོང་གུ་ཡངས་མང་གཙོ་ཚོགས་པའི་ཚོགས་གཙོ་སྲིད་བློན་ལས་ཐོག་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་ Shinzo Abe མཆོག་ལ་སླར་ཡང་ཚད་མཐོའི་རྒྱལ་ཁ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་ཞུས་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་སྐབས་དེར་ཉི་ཧོང་གཞུང་མང་གཉིས་ནས་ད་བར་བོད་དོན་སྤྱི་དང་ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཡུལ་དུ་ཆིབས་སྒྱུར་སོགས་ལ་རྒྱབ་སྐྱོར་ཞུས་པ་དེ་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་འདུག སྤྱིར་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༢ ནང་ཉི་ཧོང་གྲོས་ཚོགས་སུ་ཕེབས་ནས་བོད་དོན་དང་ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བཤད་གནང་སྐབས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག
ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་ཁོངས་གྲོས་ཚོགས་འཐུས་མི་ཁྱོན་ ༨༧ ཡོད་སྟབས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མང་ཤོས་ཡིན་འདུག
ཐེངས་འདིར་སྲིད་འཛིན་ལས་ཐོགས་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་གི་གུ་ཡངས་མང་གཙོ་ཚོགས་པར་ཞབས་སྟེགས་གྲངས་ ༣༡༢ ཐོབ་ཡོད་པར་བརྟེན་གྲོས་ཚོགས་འོག་མའི་ནང་བརྒྱ་ཆ་གསུམ་ཆ་གཉིས་ལོན་འདུག གྲོས་ཚོགས་གོང་མར་མཚོན་ན་ཁོང་གི་ཆབ་སྲིད་ཚོགས་པར་ཞབས་སྟེགས་གྲངས་གསུམ་ཆ་གཉིས་ལོན་ཟིན། །