ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སྡེ་ར་ལྡུན་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ལས་འཆར་ཁག་ལེགས་པར་གྲུབ་ཏེ་དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོར་རྡ་སར་ཕྱིར་ཕེབས་གནང་ཡོད།
དེ་ཡང་བཀའ་བློན་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༩ ཉིན་སིམ་ལ་རྡོ་རྗེ་བྲག་དགོན་དུ་སྔ་འགྱུར་བསྟན་པའི་མངའ་བདག་༸སྐྱབས་རྗེ་དམ་པ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་དུ་ཆེད་བཅར་ཞུས་གྲུབ་རྗེས། སྡེ་ར་ལྡུན་ཁུལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ནང་དགོན་སྡེ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཆེད་སིམ་ལ་ནས་ས་ཊོན་དུ་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༢༡ ནས་ ༢༢ བར་ཉིན་གྲངས་གཉིས་རིང་བཀའ་བློན་མཆོག་གིས་ས་ཌོན་དང་། ཀུམ་རའོ། སྤོན་ཊ། ཧ་པར་པུར། པུར་ཝ་ལ་བཅས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་རིས་མེད་དགོན་སྡེ་ཁག་གི་ཚོགས་ཁང་དང་། ཡིག་ཚང་། གྲྭ་ཤག་སོགས་སུ་འཚམས་གཟིགས་དང་། དེ་བཞིན་དགོན་སྡེ་སོ་སོའི་མཁན་པོ་དང་ལས་སྣེ་སོགས་དང་མཇལ་འཕྲད་གནང་།
ཕྱི་ཚེས་ ༢༣ ནས་ ༢༤ བར་མན་ཀྲུ་ཝ་ལ་དང་། རཇ་པུར་ཁུལ་དུ་ཡོད་པའི་རིས་མེད་དགོན་སྡེ་ཁག་ལ་འཚམས་གཟིགས་གནང་རྗེས་རཇ་པུར་ཁྱིམ་ཚང་གི་སྟངས་འཛིན་འོག་ཡོད་པའི་རྒས་གསོ་ཁང་དང་། བདེ་སྐྱིད་གླིང་སམ་བྷོ་ཊའི་ཉིན་སློབ། བྱང་ཕྱོགས་བོད་མིའི་སྒྲིག་འཛུགས་རྩིས་ཞིབ་ཡན་ལག་ལས་ཁུངས། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་བཅས་སུ་གཟིགས་སྐོར་གནང་།
བཀའ་བློན་མཆོག་སྡེ་ར་ལྡུན་ཁུལ་གྱི་རིས་མེད་དགོན་སྡེ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གྲུབ་རྗེས་སྡེ་ར་ལྡུན་འབྲི་གུང་བཀའ་བརྒྱུད་དགོན་དུ་ཕེབས་ཐོན་གྱིས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེར་འཚམས་ཞུའི་མཇལ་ཕྱག་ཕུལ་ཡོད། དེ་རྗེས་ཚེས་ ༢༥ ཉིན་རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་སྤྱི་ཁྱབ་ལྷན་ཁང་ནས་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་ཆེད་བཅར་ཞུས་ཡོད་པ་བཅས།།