༢༠༡༧ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༡༡ དང་སྐར་མ་ ༡༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ག་གྷལ་གནམ་ཐང་བརྒྱུད་ལྡི་ལི་དང་། དེ་ནས་རྒྱ་གར་བྱང་ཤར་མ་ནི་པུར་མངའ་སྡེའི་རྒྱལ་ས་ཨིམ་ཕལ་དུ་ Imphal ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་ཐོག་མར་རྒྱ་གར་ཡུ་པི་མངའ་སྡེའི་གྲོང་ཁྱེར་མེ་རཌ་ Meerut ནང་གཞུང་གི་སློབ་གྲྭ་ DAV school ཞིག་ཏུ་ཆིབས་སྒྱུར་བསྐྱང་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ཀྱི་སློབ་དེབ་དབུ་འབྱེད་མཛད་རྒྱུ་མ་ཟད། དབུ་འབྱེད་མཛད་སྒོའི་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག
དེ་རྗེས་ཕྱི་ཚེས་ ༡༧ ཉིན་རྒྱ་གར་བྱང་ཤར་མ་ནི་པུར་མངའ་སྡེའི་རྒྱལ་ས་ཨིམ་ཕལ་དུ་ཆིབས་སྒྱུར་བསྐྱང་ནས་ཁུལ་དེར་མངའ་སྡེའི་གཞུང་གིས་གོ་སྒྲིག་ཞུས་པའི་ཞི་བདེའི་ལྷན་ཚོགས་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། ལྷན་ཚོགས་དེ་ནི་ཕྱི་ཚེས་ ༡༨ ཉིན་རྒྱལ་སའི་ཀོན་ཝན་ཤེན་བསྟི་གནས་ཁང་ City Convention Centre དུ་འཚོགས་གཏན་འཁེལ་འདུག
སྤྱིར་ཐེངས་འདིར་མ་ནི་པུར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཡུམ་ནནྜ་ཁེམ་ཅནྜ་ Shri Yumnam Khemchand མཆོག་གིས་༸གོང་ས་མཆོག་ལ་གདན་ཞུ་ཕུལ་བ་ཞིག་ཡིན་འདུག དེ་ཡང་ཞི་བདེའི་ལྷན་ཚོགས་ཐོག་འབར་མ་ Myanmar སོགས་ལྷོ་ཕྱོགས་ཨེ་ཤི་ཡའི་ཡུལ་གྲུ་འདྲ་མིན་ནས་ནང་པའི་ཆོས་ལུགས་དབུ་ཁྲིད་ཁག་ཕེབས་འཆར་ཡོད་འདུག་པ་བཅས།།