ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་འབར་མའམ་ Burma མ་ཡན་མཱར་ Myanmar ནང་དུ་ནང་པ་དང་ཁ་ཆེའི་རྙོག་གླེང་རྐྱེན་པས་ཁ་ཆེའི་མི་རིགས་མང་པོ་ཞིག་ཁྱིམ་མཚེས་རྒྱལ་ཁབ་སྦང་ལ་དེ་ཤི་སོགས་སུ་བྲོས་བྱོལ་ལ་ཐོན་དགོས་བྱུང་བའི་གནས་ཚུལ་རིམ་པ་ཐོན་བཞིན་པའི་ཛ་དྲག་གནས་སྟངས་དང་འབྲེལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་ཚབ་ཧ་ཅང་མཛད་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་རྟོག་ཞིབ་ལྷན་ཁང་གི་ United Nations High Commissioner for Refugees འགན་འཛིན་སྐུ་ཞབས་ཕི་ལིཔ་པོ་གྷ་རན་ཌི་ Filippo Grandi མཆོག་ལ་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། མ་ཡན་མར་ཡུལ་གྱི་འགོ་ཁྲིད་རྣམ་པས་འབྲེལ་ཡོད་ཕྱོགས་ཚང་མར་ཕན་ཐོགས་ཡོང་རྒྱུའི་ཆེད་དུ་ཆབ་སྲིད་ཀྱི་དཀའ་ངལ་དེ་སེལ་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་ཅེས་འཁོད་འདུག
དེ་དང་ལྷན་སྐྱབས་བཅོལ་བ་དེ་དག་གི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེ་དང་ཐུགས་ཚབ་ཆེན་པོས་ཛ་དྲག་ངལ་སེལ་སླད་མགོན་པོ་གང་ཉིད་མཆོག་གིས་དགའ་ལྡན་ཕོ་བྲང་ཐེབས་རྩ་བརྒྱུད་ཞལ་འདེབས་གསོལ་སྩལ་མཛད་རྒྱུ་ཡིན་པ་དང་། ངལ་སེལ་ཞལ་འདེབས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་གི་སྣེ་ཁྲིད་པའི་ངལ་སེལ་དང་རོགས་སྐྱོབ་ལས་གཞིའི་འོག་འབུལ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས།།
༼ མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ། ༽