ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༣༠ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༧ རེས་གཟའ་ལྷག་པ་ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཞི་པའི་ལས་ཉིན་བརྒྱད་པའི་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་འཛིན་སྐྱོང་བཀའ་ཤག་ནས་མཐའ་ཅིག་ཏུ་ངོ་རྒོལ་ཡོད་སྐོར་གསུང་དོན། ༧གོང་ས་མཆོག་ལ་མཚན་སྨད་སུས་ཞུས་པ་ཡིན་ནའང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་བཀའ་ཤག་དང་མཛད་གཙོ་རྣམ་པའི་འགན་རེད། དེ་སྔ་ཡིན་ནའང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། དེ་རིང་གྲོས་ཚོགས་རྭ་བ་འདིའི་བརྒྱུད་མཚན་སྨད་ཞུ་མཁན་སུ་ཡིན་ནའང་མོས་མཐུན་རྩ་བ་ཉིད་ནས་མེད་ཅེས་དང་། ལྷག་པར་བོད་པ་ཡིན་ན་ལས་རྒྱུ་འབྲས་མ་བརྩི་མཁན་དང་། བཀའ་དྲིན་བསམ་མ་ཤེས་མཁན། དྲང་པོ་ཞུས་ན་ཞབས་འདྲེན་ཞུ་མཁན་ཡིན་པ་ཁ་སྔོན་་ཨོ་སི་ཌི་ལི་ཡར་འགྲོ་བའི་སྐབས་ལའང་ཞུས་པ་ཡིན། ཆབ་སྲིད་བཙོན་ཟུར་ཚོ་གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་ཨོ་སི་ཌི་ལི་ཡར་གཏང་རྒྱུ་དེ་དག་ཆབ་སྲིད་བཙོན་ཟུར་ཆེད་དུ་ཨོ་སི་ཌི་ལི་ཡས་ཐོབ་ཐང་གནང་བ་མ་རེད། བོད་མི་སྤྱི་ཡོངས་ཐོག་ནས་གནང་བ་ཞིག་རེད། འོན་ཀྱང་བཀའ་ཤག་ནས་དམིགས་བསལ་ཆབ་སྲིད་བཙོན་ཟུར་དེ་དག་ཧ་ཅང་གལ་ཆེན་པོ་ཡིན། ཁྱེད་རང་ཚོར་དམིགས་བསལ་ཐོབ་ཐང་གནང་གི་ཡིན་ཞེས་ཕུལ་བ་འདི་རྣམ་པ་ཚོར་ཕར་ཕེབས་ཚར་བའི་རྗེས་ལ་རྒྱ་མིའི་གཞུང་ཚབ་ལ་ལག་འབྲེལ་བྱེད་རྒྱུ་དང་། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དེ་འདྲ་ཡོང་གི་འདུག ཧ་ཅང་གིས་ཐབས་སྐྱོ་པོ་དང་ཞབས་འདྲེན་རེད། ཅེས་ཞུས་པ་ཡིན།
བོད་མི་སྤྱི་ཡོངས་ནང་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུས་མཁན་རིགས་བྱང་ན། ཏན་ཏན་རང་བཞིན་གྱིས་བློ་ཕམ་ཡོང་གི་རེད། ཆབ་སྲིད་བཙོན་ཟུར་གྱིས་རྒྱ་མིའི་གཞུང་ཚབ་དང་ལག་འབྲེལ་བྱས་ཏེ་མཚན་སྨད་ཞུ་མཁན་དེ་འདྲ་བྱུང་བ་ཡིན་ན། བློ་ཕམ་དེ་བས་ཆེ་བ་ཡོང་གི་འདུག ཆབ་སྲིད་བཙོན་ཟུར་སུ་རེད་ཟེར་ན། བོད་རྩ་དོན་ཆེད་དུ་སྐུ་ལས་བསྐྱོན་མཁན་ཚོ་རེད། ཆབ་སྲིད་བཙོན་ཟུར་དེ་དག་ཧ་ཅང་གལ་ཆེན་པོ་རེད་ཅེས་བོད་མིའི་སྒྲིག་འཛུགས་ནས་ཀྱང་བདག་པོ་རྒྱག་བཞིན་ཡོད་པ་མ་ཟད། ཨོ་སི་ཌི་ལི་ཡའི་གཞུང་ལ་བདག་པོ་བསྐྱོན་རོགས་གནང་ཞེས་ཕར་བཏང་ཚར་བའི་རྗེས་ལ་དེ་འདྲ་གནང་བ་ཡིན་ན་རྩ་བ་ནས་འགྲིག་གི་མ་རེད། ཞབས་འདྲེན་རང་རེད་ཅེས་སྐབས་དེར་ཞུས་པ་ཡིན།
དེ་རིང་གྲོས་ཚོགས་རྭ་བ་འདི་བརྒྱུད་ནས་དེ་འདྲ་སུ་ཞིག་ཡོད་ནའང་དེ་རིང་ཞུ་བཞིན་ཡོད། བོད་བསྟན་པ་ཆབ་སྲིད་དང་མི་རིགས་སླད་མགོན་པོ་གང་ཉིད་མཆོག་ལས་ལྷག་པ་སྐུ་ལས་བསྐྱོན་མཁན་སུ་ཡོད། ང་ཚོ་ཚང་མ་མགོ་བོ་བཀྱག་སྟེ་འཛམ་གླིང་ནང་འགྲོ་ཐུབ་རྒྱུ་དེ་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཡིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལམ་མཚན་སྨད་ཞུས་ན་རྩ་བ་ཉིད་ནས་འགྲིག་གི་མ་རེད། ཅེས་དེ་སྔའང་ཞུས་མྱོང་ཡོད་ལ། ད་དུང་ཡིན་ནའང་ནན་ཏན་ཞུ་རྒྱུ་ཡིན།
ང་ཡིན་ནའང་དུས་རྟག་ཏུ་༧གོང་ས་མཆོག་མཇལ་བའི་སྐབས་གང་ཉིད་མཆོག་གིས་བཀའ་གནང་བ་དེ་དག་བསྒྲུབས་སོང་ཞེས་གཏམ་བཟང་དང་གནས་ཚུལ་བཟང་པོ་གཅིག་ཞུ་ཐུབ་ན་སྙམ་པའི་ཐོག་ནས་ག་དུས་ཡིན་ནའང་དཀའ་ལས་བརྒྱབ་མཁན་གྱི་མི་ཞིག་ཡིན། །