ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༤ ཉིན་གྱི་སྔ་དྲོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྦལ་ཊིག་ཁུལ་གྱི་རྒྱལ་ཁབ་ལ་ཊི་ཝི་ཡ་དང་། Latvia ཨེ་སི་ཊོ་ནི་ཡ། Estonia ལི་ཐུ་ནི་ཡ། Lithuania བཅས་ཀྱི་གྲོས་ཚོགས་འཐུས་མི་དང་ལྷན་ཞོགས་ཟས་ལྷན་བཞེས་མཛད་འདུག
དེ་ཡང་ཁྱོན་གྲོས་ཚོགས་འཐུས་མི་བཅུ་བཅར་ཡོད་པ་དེ་དག་ནི། ལ་ཏི་ཝི་ཡ་ནས་གྲོས་ཚོགས་འཐུས་མི་གསུམ་དང་། ཨེ་སི་ཊོ་ནི་ཡ་ནས་གསུམ། ལི་ཐུ་ནི་ཡ་ནས་བཞི་བཅས་བཅར་ཡོད་པ་རེད་འདུག སྐབས་དེར་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ལ་ཊི་ཝི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Andris Buikis ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕེབས་བསུ་དང་འབྲེལ་སྦལ་ཊིག་མངའ་ཁུལ་གྱི་ཡུལ་གྲུ་དེ་དག་དེ་སྔ་ལོ་ངོ་ ༥༠ ཙམ་ལ་གཞན་གྱི་མངའ་འོག་ཏུ་ཚུད་ནས་དཀའ་ངལ་འཕྲད་མྱོང་ཡོད་སྟབས་ཁོང་དང་ཁོང་གི་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་ཚོས་བོད་མིའི་དཀའ་སྡུག་རྟོགས་ཐུབ་ཅིང་། ཤ་ཚ་དང་སེམས་ཚོར་ཡང་ཆེན་པོ་ཡོད་ཞུས་པ་མ་ཟད། ལ་ཊི་ཝི་ཡ་ཆ་བཞག་ན་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་པ་ཁག་ཁ་ཤས་ཤིག་ཀྱང་ཡོད་ཅེས་སྙན་གསེང་ཞུས་འདུག
སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༩ ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་སྐུལ་རིམ་པ་ཞུས་གནང་བའི་བརྒྱུད་རིམ་ཁག དེ་བཞིན་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་སོགས་ངོ་སྤྲོད་མཛད་པ་དང་ཆབས་ཅིག་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ་རྩ་མེད་བཟོ་རྒྱུའི་ཐབས་ལམ་འདྲ་མིན་སྣ་ཚོགས་འོག་བོད་མིའི་ཐུན་མིན་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད། བོད་མིའི་ལུས་པོར་དབང་སྒྱུར་བྱས་ཐུབ་ཡོད་ཀྱང་བོད་མིའི་བསམ་བློའི་རང་དབང་ལ་རྒྱ་ནག་གཞུང་གིས་དབང་སྒྱུར་བྱེད་ཐུབ་མེད་ཅེས་བཀའ་སློབ་སྩལ།
སྐབས་དེར་གྲོས་ཚོགས་འཐུས་མི་རྣམ་པས་༧གོང་ས་མཆོག་ལ་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གང་འདྲ་གནང་དགོས་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ། གོ་སྐབས་ནམ་བྱུང་ལ་བོད་དོན་གླེང་རོགས་ཞེས་དང་། བོད་ནང་དངོས་སུ་ཕེབས་སྟེ་བོད་ཀྱི་སྐད་ཡིག་དང་། ཤེས་ཡོན། རིག་གཞུང་། དེ་བཞིན་བོད་ཀྱི་ཁོར་ཡུག་བཅས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་པ་གཟིགས་རྟོགས་གནང་རོགས་ཞེས་བཀའ་སྩལ་འདུག །