༢༠༡༧ ཟླ་ ༩ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །འཇར་མན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོ་དང་རྒྱ་མི། ཡུ་གུར་གྱི་སློབ་ཕྲུག་དང་ཚོང་པ། དེ་བཞིན་མཁས་དབང་ཁག་གཅིག་ལ་བཀའ་སློབ་སྩལ་འདུག སྐབས་དེར་༸གོང་ས་མཆོག་གིས་བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་ཐབས་བྱེད་བཞིན་ཡོད་པ་དང་།
དེ་སྔ་ཡུ་གུར་རང་བཙན་འཐབ་རྩོད་པ་གྲགས་ཅན་ལྕམ་སྐུ་ར་བྷི་ཡར་ཁ་དིར་ Rebiya Kadeer མཆོག་དང་མཇལ་འཕྲད་སྐབས་འཚེ་བའི་ལས་འགུལ་སྤེལ་བ་བརྒྱུད་ཡུ་གུར་རྒྱ་ནག་ནས་རང་བཙན་ཐོབ་ཐབས་བྱེད་བཞིན་ཡོད་སྐོར་སྙན་སེང་ཞུ་སྐབས་༸གོང་ས་མཆོག་ནས་འཚེ་བའི་ལས་འགུལ་སྤེལ་མཚམས་འཇོག་དགོས་པའི་ལམ་སྟོན་སྩལ་བ་དང་། དུས་ཚོད་རིམ་སོང་རྗེས་ལྕམ་སྐུ་ར་བྷི་ཡར་ཁ་དིར་ Rebiya Kadeer མཆོག་ནས་ཀྱང་ཡུ་གུར་རང་བཙན་མ་རྩོད་པར་རང་སྐྱོང་གི་གནས་བབ་རྩོད་ལེན་བྱེད་འགོ་བརྩམས་པའི་སྐོར་བཀའ་སློབ་སྩལ།

ཚོགས་བཅར་བ་ཞིག་གིས་སྐུ་ཞབས་ལིའུ་ཞའོ་པོ་ Liu Xiaobo མཆོག་རྒྱ་ནག་གི་བཙོན་དུ་དམ་བསྒྲགས་བཀག་ཉར་ཡོད་མུས་ཐོག་འདས་གྲོངས་སུ་གྱུར་བའི་གནས་སྟངས་ལུང་འདྲེན་དང་སྦྲགས། དེང་སྐབས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་གྱི་དྲི་བར་༸གོང་ས་མཆོག་ནས་བཀའ་ལན་སྩལ་དོན།
གུང་ཁྲན་ཏང་ཡོན་རྒན་པ་ཁག་གཅིག་གིས་རྒྱ་ནག་ནང་ཆབ་སྲིད་བཅོས་སྒྱུར་གྱི་བསམ་ཚུལ་ལ་དགག་བྱ་ཧ་ཅང་བྱེད་པའི་རྣམ་པ་མཐོང་སྐབས་སྲིད་འཛིན་ཞི་ Xi Jinping ཕྲན་བུ་ཧང་སང་དགོས་པའི་གནས་ཚུལ་བྱུང་བ་ངོས་ཀྱིས་གོ་ཐོས་བྱུང་།
འཚོགས་ལ་ཉེ་བའི་ ༼ཕྱི་ཟླ་ ༡༠ ཚེས་ ༡༨ ནས་ ༽རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་གུང་ཁྲན་ཏང་ཡོན་ལས་བྱེད་རྒན་གྲས་ཁག་གཅིག་རྒས་ཡོལ་དང་དུ་འགྲོ་རྒྱུ་མ་ཟད། གསར་པ་ཁག་གཅིག་ཡར་བསླེབ་རྒྱུ་རེད། བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུར་གོ་སྐབས་ཏན་ཏན་ཡོད།
རྒྱ་རིགས་ཤེས་ཡོན་ཅན་མང་པོ་ཞིག་གིས་དབུ་མའི་ལམ་གྱི་ཐབས་ལམ་ལ་རྒྱབ་སྐྱོར་གནང་བཞིན་འདུག སྲིད་གཞུང་བརྗེ་པོ་རྒྱབ་ནས་འགྲོ་དགོས་ཀྱང་མི་མང་ནི་དུས་རྟག་ཏུ་གནས་རྒྱུ་རེད། བོད་རྒྱ་མི་རིགས་གཉིས་ལོ་ངོ་ ༢༠༠༠ ལྷག་རིང་ནས་འབྲེལ་བ་ཡོད། རྒྱ་ནག་གུང་ཕྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་ཡང་ཕྱིན་མེད། ཅེས་བཀའ་ལན་སྩལ།
དེ་རྗེས་བཟང་ཕྱོགས་ཀྱི་འགྱུར་བ་ཇི་ལྟར་གཏོང་ཐུབ་མིན་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། འདས་པའི་ལོ་ངོ་ ༣༠ ལྷག་རིང་ངོས་ཀྱིས་ཚན་རིག་པ་དང་ལྷན་བགྲོ་གླེང་བྱས་ནས་གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད། དེ་མཚུངས་བཙན་བྱོལ་དུ་ཡོད་པའི་བོད་རིགས་དང་རྒྱ་རིགས་དབར་མཐུན་འབྲེལ་བྱ་རྒྱུ། ལྷག་པར་རྒྱ་རིགས་སློབ་ཕྲུག་ཚོ་དང་ཐུག་ནས་ངོ་ཤེས་བཟོ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད།
དེང་སྐབས་བོད་དང་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ཤོད་མཁན་དཀོན་དུ་འགྲོ་བཞིན་ཡོད་སྟབས་བོད་སོག་དང་ཡུ་གུར་མཐུན་ཚོགས་སླར་གསོ་བྱས་ནས་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཆེད་འབད་བརྩོན་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། ཅེས་བཀའ་ལན་སྩལ།
གཞན་ཡང་ཚོགས་བཅར་བ་ཞིག་གིས་སྐུ་ཞབས་ལིའུ་ཞའོ་པོ་ Liu Xiaobo མཆོག་དམ་པ་ཁོང་གི་དྲན་རྟེན་རྡོ་རིང་བཞེངས་རྒྱུའི་བསམ་ཚུལ་དེར་༸གོང་ས་མཆོག་གིས་རྒྱབ་སྐྱོར་དང་སྦྲགས་དམ་པ་ཁོང་གི་དྲན་རྟེན་དེ་ནིའུ་ཡོག་ New York གྲོང་ཁྱེར་གྱི་རྒྱ་གྲོང་ནང་ Chinatown ནང་བཞེངས་ཐུབ་ཚེ་དམ་པ་ཁོང་གི་བྱས་རྗེས་རྣམས་ནག་སུབ་ཏུ་མ་སོང་བར་ལོ་རྒྱུས་ཐོག་གནས་ཐུབ་རྒྱུའི་དགེ་མཚན་ཡོད་པའི་ལམ་སྟོན་ཡང་མཛད་འདུག །