ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༩ ཉིན་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་དང་། ཡུ་རོབ་རྒྱ་བོད་མཐུན་སྒྲིལ་ཚོགས་པའི་ཚོགས་གཙོ་བློ་བཟང་དབང་འདུས་ལགས། དེ་བཞིན་ཕ་རན་སི་དང་འཇར་མ་ནི་རྒྱལ་ཁབ་ནང་གནས་བཞུགས་རྒྱ་རིགས་བོད་དོན་དོན་གཉེར་བ་ཀྲང་ཡེ་མང་དང་། ཀོ་ཅན། ཧོང་ཅན་ཞུན་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་མཚམས་གཟིགས་སུ་ཕེབས་གནང་ཡོད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ལེན་དང་སྦྲགས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཐོག་མར་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་འབྲེལ་སྤྱི་འཐུས་ལྷན་ཚོགས་ཀྱི་འབྱུང་རིམ་འགྲེལ་བརྗོད་གནང་བ་དང་། དེ་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས། སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སོགས་ཀྱི་སྐོར། དེ་བཞིན་རྒྱ་ནག་གཞུང་གི་ད་ལྟའི་མཁྲེགས་འཛིན་སྲིད་བྱུས་འོག་བོད་ནང་སྐད་ཡིག་དང་། རིག་གཞུང་ཉམས་ཆག་འགྲོ་བཞིན་ཡོད་པར་སེམས་འཚབ་ཡོད་པའི་སྐོར། ཉེ་ཆར་གྲོས་ཚོགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཆེ་ཆུང་གང་ཡིན་དང་། དེ་བཞིན་དབུས་ས་ཡན་ལག་དང་བཅས་པས་རྒྱུན་འབྲེལ་གཙོ་བོ་རང་གི་སྐད་ཡིག་བེད་སྤྱོད་དགོས་པའི་གྲོས་ཆོད་གཏན་འབེབས་གནང་བའི་སྐོར། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་ཡོད།
དེ་རྗེས་ཁོང་གིས་གསུང་དོན། རྒྱ་བོད་གཉིས་དབར་ལོ་རྒྱུས་ཐོག་ནས་འབྲེལ་བ་ཡོད་པ། ལྷག་པར་དུ་ནང་པའི་རྒྱལ་ཁབ་གཅིག་པ་ཡིན་པ་མ་ཟད་རྒྱ་ནག་ནང་སངས་རྒྱས་ཀྱི་བསྟན་པ་བོད་ནང་མ་དར་བའི་སྔོན་ནས་དར་ཡོད་ཅེས་དང་། རྒྱ་རིགས་ཚོས་རང་གི་གཅེས་པའི་རིག་གཞུང་རྣམས་སྲུང་སྐྱོབ་གནང་གལ་ཆེན་པོ་ཡིན་པ་སོགས་གསུངས་གནང་རྗེས། ཁོང་རྣམ་པའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།
ཕྱོགས་མཚུངས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམས་ལ་རྒྱ་ནག་ནང་སྲིད་འཛིན་ཧུའུ་ཅིན་ཐའོ་སྐབས་དང་བསྡུར་ན་ད་ལྟའི་སྲིད་འཛིན་ཞི་ཅིན་ཕིང་གི་སྐབས་ཆབ་སྲིད་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཡི་ཡོད་དམ་ ཞེས་དྲིས་གནང་བར་ཁོང་རྣམ་པས་གུང་ཁྲན་ཏང་གི་སྲིད་གཞུང་ནི་སྔར་བཞིན་མཁྲེགས་འཛིན་ཡིན་པ་དང་། དེར་འགྱུར་བ་ཕྱིན་པ་མཐོང་གི་མི་འདུག་ཅེས་གསུངས་གནང་རྗེས་བཙན་བྱོལ་བོད་མིིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་ལ་བསྔགས་བརྗོད་ཆེན་པོ་གནང་བ་དང་ཆབས་ཅིག་བོད་མི་ཚོས་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་མི་ཉམས་རྒྱུན་འཛིན་གནང་གལ་ཆེན་པོ་ཡིན་པ་གསུངས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་དུ་ཕེབས་གནང་བ་བཅས་ཀྱི་གནས་ཚུལ་དུ། །