ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༡ ནས་ ༢༤ བར་ཉིན་གྲངས་གསུམ་རིང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Core Group for Tibetan Cause སྐུ་ཚབ་འཐུས་མི་གྲངས་ ༡༢ བཞུགས་སྒར་རྡ་སར་འཚམས་གཟིགས་སུ་ཕེབས་ཡོད། ཉིན་གྲངས་གསུམ་གྱི་འཚམས་གཟིགས་རིང་སྐུ་ཚབ་འཐུས་མི་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་དང་། ལས་དོན་བྱེད་ཕྱོགས་སོགས་ལ་གཟིགས་ཞིབ་གནང་རྒྱུ་ཡིན་འདུག
དེ་ཡང་སྐུ་ཚབ་རྣམས་ནི་ལོ་མང་རིང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་གང་མང་སྤེལ་ཡོད་པ་དང་། ཉེ་ཆར་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ནང་རྒྱ་གར་གྲོང་ཁྱེར་གྷོ་ལྦ་ཧ་ཌི་ནང་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་སྐབས་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱུན་ལས་སུ་གསར་བསྐོ་གནང་ཡོད།
ཐེངས་འདིའི་འཚམས་གཟིགས་དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ R.K.Khrimey ལགས་ཀྱིསསྣེ་འཁྲིད་འོག་རྒྱལ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲངས་ ༣ དང་། ས་གནས་ཁག་འདྲ་མིན་གྱི་རྒྱུན་ལས་ཚོགས་མི་གྲངས་ ༩ བཅས་ཁྱོན་ཚོགས་མི་གྲངས་ ༡༢ ཆེད་ཕེབས་གནང་ཡོད།
ཉིན་གྲངས་གསུམ་གྱི་འཚམས་གཟིགས་རིང་སྐུ་ཚབ་འཐུས་མི་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཁག་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཕྱོགས་མཚུངས་གྲོས་ཚོགས་སུ་ཟུར་ཉན་དུ་བཅར་རྒྱུ་ཡིན་འདུག་པ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། རྡ་ས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་དང་མཇལ་འཕྲད། བོད་ཕྲུག་ཁྱིམ་སྡེ་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་འཚམས་གཟིགས་གནང་རྒྱུ་ཡིན་འདུག
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་རྒྱ་གར་རྒྱལ་ཡོངས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་པ་གཙོ་བོ་དེ་ཆགས་ཡོད་པ་བཅས།།