ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༩ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཞི་པའི་ལས་ཉིན་དང་པོའི་སྐབས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། བཀའ་ཤག་ནས་རང་ལུས་མེར་སྲེག་སྐོར་གསུང་འཕྲིན་རིམ་པ་ནང་འཁོད་ཡོད་པ་མ་ཟད། སྡིངས་ཆ་ཆེ་ཆུང་རིམ་པ་ནང་འཁོད་ཡོད་པ་ཞིག་རེད་མ་གཏོགས། ཉེ་ཆར་ཚོར་བ་ཆེན་པོའིཐོག་ནས་ཞུས་པ་གང་ཡང་མ་རེད། ཅེས་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༤ ནང་སྲིད་སྐྱོང་ཉི་ཧོང་དུ་བཅར་བའི་སྐབས་སུ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་བཀའ་འདྲི་གནང་བའི་སྐབས་སུ་རང་ལུས་མེར་སྲེག་སྐོར་གསལ་པོ་གང་ཞུས་ཡོད་ཅེ་ན། བོད་ནང་རང་ལུས་མེར་སྲེག་གནང་དགོས་དོན་ནི། རྒྱ་ནག་གཞུང་གི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་ཐུག་ཡོད། མཁྲེགས་འཛིན་ཅན་གྱི་སྲིད་བྱུས་རྐྱེན་པས་རང་ལུས་མེར་སྲེག་གནང་གི་ཡོད་རེད། ཅེས་ཧ་ཅང་གསལ་པོ་ཞུས་ཡོད།
དེ་བཞིན་རང་ལུས་མེར་སྲེག་གནང་མཁན་ཚོ་ཡིན་ནའང་བོད་ཀྱི་རྩ་དོན་སླད་དང་། ཁོང་རྣམ་པའི་མངོན་འདོད་ཡིན་ནའང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་དང་། བོད་ནང་རང་དབང་སླར་གསོ་དགོས་སྐོར་ཡིན་པ་ཧ་ཅང་གསལ་པོ་རེད། རང་ལུས་མེར་སྲེག་མེད་པ་བཟོ་དགོས་ཀྱི་ཡོད་ན་ཐབས་ལམ་དེ་རྒྱ་ནག་གཞུང་ལ་ཡོད། དབུ་མའི་ལམ་གཞི་ལ་བཞག་པའི་ཐོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲད་པ་ཡིན་ན། བོད་ནང་གི་དཀའ་ངལ་སེལ་འགྲོ་གི་རེད། བོད་ནང་གི་དཀའ་ངལ་སེལ་བ་ཡིན་ན་རང་ལུས་མེར་སྲེག་གནང་མཁན་ཡོང་གི་མ་རེད། འོན་ཀྱང་བློ་ཕམ་པ་ཞིག་ལ་རང་ལུས་མེར་སྲེག་གནང་མཁན་མང་དུ་འགྲོ་གི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གང་ཡིན་ཞེ་ན། མི་ཡིན་པའི་ཆ་ནས་རང་ལུས་མེར་སྲེག་མ་གནང་རོགས་ཞེས་ཞུ་གི་ཡོད། དེ་བཞིན་ནང་པ་ཡིན་པའི་ཆ་ནས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་བ་རྣམས་ལ་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་ནི་ནང་པ་དང་བོད་པ་ཡིན་པའི་ཆ་ནས་འགན་ཡོད་པར་བརྟེན་མཆོད་འབུལ་སྨོན་ལམ་ཞུ་གི་ཡོད།
དེ་བཞིན་ཁོང་རྣམ་པའི་མངོན་འདོད་ནི་བོད་མི་ས་ཡ་དྲུག་གི་མངོན་འདོད་དང་གཅིག་མཚུངས་ཡིན་སྟབས། དེ་དག་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་དང་རྒྱབ་སྐྱོར་ཐོབ་ཐབས་བྱེད་དགོས་རྒྱུ་ང་ཚོར་འགན་ཡོད། དེར་བརྟེན་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རང་ལུས་མེར་སྲེག་མ་གནང་རོགས་ཞེས་དང་། ནང་པ་ཡིན་པའི་ཆ་ནས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་བ་རྣམས་ལ་ང་ཚོས་མཆོད་འབུལ་སྨོན་ལམ་ཞུ་གི་ཡིན། དེ་བཞིན་ཁོང་རྣམ་པའི་མངོན་འདོད་དེ་བོད་མི་ས་ཡ་དྲུག་གི་མངོན་འདོད་ཡིན་སྟབས་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། དེ་ལ་འཛམ་གླིང་ཡོངས་ནས་རྒྱབ་སྐྱོར་གནང་དགོས། ཞེས་ཧ་ཅང་གསལ་པོ་ཞུས་ཡོད།
བཙན་བྱོལ་ནང་དུའང་རང་ལུས་མེར་སྲེག་གནང་མཁན་བྱུང་བར་བརྟེན། དེ་ལ་བཀའ་ཤག་ནས་གསལ་པོ་གང་ཞུས་པ་རེད། ཅེ་ན། བཙན་བྱོལ་ནང་ཡོད་པ་དང་བོད་ནང་ཡོད་མཁན་འདྲ་གི་མ་རེད། གོང་དུ་ཞུས་པ་བཞིན་བོད་ནང་རྒྱ་ནག་གཞུང་གི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་འོག་འུ་ཐུག་ཐབས་ཟད་ནས་རང་ལུས་མེར་སྲེག་གནང་གི་ཡོད། འོན་ཀྱང་བཙན་བྱོལ་ནང་རང་དབང་ལུང་པ་ཡིན་སྟབས་གང་གནང་གི་ཡིན་ནའང་གནང་རྒྱུ་ཡོད། མི་ཚེ་ཧྲིལ་པོར་ལས་འགུལ་ག་ཚོད་སྤེལ་ཡང་སྤེལ་རྒྱུའི་སྡིངས་ཆ་ཡོད། རང་དབང་ལུང་པའི་ནང་ཡོད་པར་བརྟེན་སོ་སོའི་སྲོག་དེ་རྩ་ཆེན་པོ་རྩི་ནས་ལས་འགུལ་སྤེལ་ཏེ་བཞུགས་རོགས། རང་ལུས་མེར་སྲེག་མ་གནང་རོགས། རྩ་བའི་རང་ལུས་མེར་སྲེག་མ་གནང་རོགས་ཞེས་ཧ་ཅང་གསལ་པོ་རེད། བཀའ་ཤག་གི་གསུང་འཕྲིན་རིམ་པའི་ནང་དང་སྡིངས་ཆ་མཐོ་དམན་ཡོངས་ལ་ཞུས་ཡོད།
ཉེ་ཆར་བཀའ་ཤག་མཆོད་འབུལ་དུ་བཅར་བའི་སྐབས་སུ་གསར་འགྱུར་བརྒྱུད་ལམ་ཁག་གི་བཀའ་འདྲི་གནང་བའི་ལན་དུ། བཙན་བྱོལ་བོད་མི་སྤྱི་དང་། ལྷག་པར་གཞོན་སྐྱེས་སློབ་ཕྲུག་རྣམས་ནས་སློབ་སྦྱོང་དང་། སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་ལ་ཐུགས་སྣང་གནང་རོགས་ཞེས་དང་། རང་ལུས་མེར་སྲེག་མ་གནང་རོགས་ཞེས་ནན་པོ་ཞུས་པ་ཡིན། བཀའ་ཤག་ནས་རང་ལུས་མེར་སྲེག་ཐད་ལངས་ཕྱོགས་གསལ་པོ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢ ཉིན་ཏེ་བཙན་བྱོལ་བོད་མིའི་མང་གཙོ་དུས་དྲན་ཐོག་བཀའ་ཤག་གི་གསུང་བཤད་ནང་རང་ལུས་མེར་སྲེག་མ་གནང་རོགས་ཞེས་དང་། ལྷག་པར་བཙན་བྱོལ་ནང་ཡོད་པའི་གཞོན་སྐྱེས་སློབ་ཕྲུག་ཚོས་མ་གནང་རོགས་ཞེས་ཞུས་པ་བཞིན་དེ་རིང་གྲོས་ཚོགས་ར་བ་འདི་བརྒྱུད་བསྐྱར་དུ་ནན་ཏན་ཐོག་ཞུ་རྒྱུར། རང་ལུས་མེར་སྲེག་མ་གནང་རོགས་ཞེས་ཞུ་རྒྱུ་ཡིན། །