ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་དྲིལ་ལས་ཁུངས་ཀྱི་ལས་ཐོག་ཟུར་འཇོག་དྲུང་ལས་ཕུར་བུ་ཚེ་རིང་ལགས་ཡུན་རིང་ནད་མནར་གྱིས་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༡༠ ཐོག་ལུ་དྷི་ཡ་ནར་དྷ་ཡ་ནྣཏ་ Dayanand Medical College & Hospital སྨན་ཁང་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བཀའ་ཤག་ཏུ་སྙན་སེང་བྱུང་བར་ཐུགས་ཕམ་དང་བཅས་དམ་པ་དེ་ཉིད་ཀྱིས་ད་བར་མི་ལོ་ ༢༡ རིང་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་བསྒྲུབས་པར་རྗེས་དྲན་ཞུ་ཆེད། དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ པའི་ཐོག་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་མཆོག སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་མཆོག ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་སྨོན་ལམ་གསུང་འདོན་གནང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཕྱེད་ཡོལ་ཆུ་ཚོད་ ༥ ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་སྒོ་བརྒྱབ་ཡོད།
དམ་པ་ཁོང་ནི། རྡ་སྟེང་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས་ཅན་དྷི་སྒར་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་ཐོན། ཕྱི་ལོ་ ༡༩༩༦ ཟླ་ ༡ ཚེས་ ༢ ཉིན་ནས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ཚོང་ལས་སྡེ་ཚན་གྱི་རང་ཁོངས་ལས་བྱེད་དུ་འཛུལ་ཞུགས་གནང་བ་དང་། ཕྱི་ལོ་ ༢༠༠༤ ཟླ་ ༣ ཚེས་ ༡ ནས་ལས་དོའི་ཕོགས་རིམ་ཚད་མཉམ་ཟུར་འཇོག་ས་མིག་ཐོག་མེག་གྷན་ཕྱི་དྲིལ་དེབ་ཚོང་ཁང་དུ་བོད་ཀྱི་གནས་ཚུལ་ངོ་སྤྲོད་པ་སོགས་ཀྱི་ལས་འགན་བསྐོ་གཞག་གནང་སྟེ་ཕྱག་ལས་གནང་མུས་སུ་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༣ ཉིན་སྡེ་འགན་ཕོགས་རིམ་ཚད་མཉམ་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༢ ཉིན་དྲུང་གཞོན་ལས་རོགས་ཀྱི་ཕོགས་རིམ་ཚད་མཉམ་དུ་གནས་སྤར་གནང་ཡོད་པ་བཅས།།