༢༠༡༧ ཟླ་ ༩ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡ ནས་ ༣ བར་ལྷོ་ཨ་མི་རི་ཀའི་མེག་སི་ཀོ་ Mexico རྒྱལ་ཁབ་ཏུ་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་བསྐོང་ཚོགས་གནང་འདུག དེ་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ International Tibet Network གི་གོ་སྒྲིག་འོག མེག་སི་ཀོ་སི་ཊི་ Mexico City ཞེས་པའི་གྲོང་ཁྱེར་ནང་དུ་ཚོགས་པའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་སྐབས། བྱང་ཨ་རི་དང་ཁེ་ན་ཌ། Canada ལྷོ་ཨ་མི་རི་ཀའི་གླིང་ཆེན་ནས་བྷྲཱ་ཛིལ་ Brazil དང་ཅིལ་ལི། Chile མེག་སི་ཀོ་ Mexico བཅས་ནས་ཁྱོན་ཚོགས་བཅར་བ་མི་གྲངས་ ༤༣ མཉམ་ཞུགས་གནང་འདུག
སྐབས་དེར་བོད་ཁང་གི་འགན་འཛིན་སྐུ་ཞབས་ཊོ་ནི་ཀ་རམ་ Tony Karam ལགས་ཀྱིས་ཚོགས་ཆེན་དབུ་འབྱེད་ཐོག་ངོ་སྤྲོད་གསུང་བཤད་གནང་བ་དང་ལྷན། ཚོགས་བཅར་བ་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་། ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་ཆེན་ཉིན་མཐའ་མ་སྟེ་ཕྱི་ཚེས་ ༣ ཉིན་མཇུག་སྡོམ་གཏམ་བཤད་སྤེལ་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་སོགས་གནང་འདུག
ཚོགས་ཆེན་གྱི་དགོས་དམིགས་གཙོ་བོ་ནི། རྒྱལ་སྤྱིའི་སྟེང་བོད་དོན་ལས་འགུལ་སྔར་ལས་ཚགས་ཚུད་དང་ནུས་པ་གོང་སྤེལ་ཇི་ལྟར་གཏོང་དགོས་མིན་ཐོག་གོ་བསྡུར་བྱ་རྒྱུ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགུལ་སོགས་ནང་མཉམ་ཞུགས་ཀྱིས་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་བཅས་ཡིན་འདུག
གཞན་ཡང་ཚོགས་ཆེན་ཐོག་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་ནང་བོད་དོན་ལས་འགུལ་གྱི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་ལས་འགུལ་སྤེལ་ཆེད་ལས་གཞི་བང་རིམ་སྒྲིག་པ་རྣམས་ངོ་སྤྲོད་གནང་བ་མ་ཟད། ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་ཚན་པའི་ལས་བྱེད་བསོད་ནམས་བཟང་མོ་ལགས་ཀྱིས་དེ་སྔ་སྦེལ་འཇམ་རྒྱལ་ས་སྦར་སེལ་ནང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐེངས་ ༧ ཐོག་ལས་འགུལ་སྤེལ་སླད་ལས་འཆར་བང་སྒྲིག་པ་རྣམས་ངོ་སྤྲོད་དང་ལྷན། ཕྱི་ལོ་ ༢༠༡༧ ལོ་འདི་བཞིན་བོད་མིའི་སྒྲིག་འཛུགས་ནས་བོད་དོན་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་བཞིན་པར་བརྟེན་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ནས་མཉམ་ཞུགས་གནང་ཕྱོགས་སྐོར་གསུངས།
ཚོགས་ཆེན་ཐོག་གསུང་བཤད་གནང་མཁན་གནད་ཡོད་མི་སྣ་གཞན་ཁག་ནི་སྐུ་ཞབས་ཨེ་ལན་ཀེན་ཊོ་སི་ Alan Cantos ལགས་དང་། གཙུག་ལག་སློབ་དཔོན་སྐུ་ཞབས་མེ་ཁལ་སི་ཌེ་ཝི་སི་ Professor Michael C. Davis ལགས་སོགས་ཡིན་འདུག ཉིན་གཉིས་དང་ཕྱེད་ཀ་རིང་གི་ལྷན་ཚོགས་དེར་ཚོགས་བཅར་བ་རྣམས་ནས་ཧུར་བཙོན་ཆེན་པོས་མཉམ་ཞུགས་གནང་ཡོད་པ་བཅས།།