ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་ཚན་པའི་འབྲེལ་ཡོད་ལས་བྱེད་བསོད་ནམས་བཟང་མོ་ལགས་ཀྱིས་མེཀ་སེ་ཀོ་རྒྱལ་སའི་ནང་བྱང་ཨ་རའི་ས་ཁུལ་ཚོགས་འདུར་མཉམ་ཞུགས་གནང་ཡོད།
དེ་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡ ནས་ ༣ བར་མེཀ་སི་ཀོ་རྒྱལ་སའི་ནང་བྱང་ཨ་རིའི་ས་ཁུལ་གྱི་ཚོགས་འདུ་ཞིག་ཚོགས་ཡོད། ཚོགས་འདུའི་སྐབས་ཨ་རི་དང་ཁེ་ན་ཌ། ཅི་ལི། བྷར་ཛིལ། མེཀ་སི་ཀོ་བཅས་ནས་ཁྱོན་མི་གྲངས་ ༤༣ མཉམ་ཞུགས་གནང་ཡོད།
སྐབས་དེར་བསོད་ནམས་བཟང་མོ་ལགས་ཀྱིས་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༧ ལོ་ནི་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། དེ་སྔོན་ཕྱི་ལོ་ ༢༠༡༦ ཟླ་ ༩ ནང་སྦར་སིལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་འདུ་ཐེངས་བདུན་པ་ཚོགས་པའི་གྲོས་ཆོད་ཁག་ལག་བསྟར་ལམ་ལྷོངས་བྱུང་ཡོད་སྐོར། དེ་བཞིན་ཕྱི་ལོ ༢༠༡༧ ལོ་ནི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་བཞིན་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྐོར་དང་། ལས་འགུལ་དེ་ཉིད་ཚགས་ཚུད་ཡོང་སླད་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགན་བཅས་ངོ་སྤྲོད་གནང་ཡོད།
གཞན་ཡང་བསོད་ནམས་བཟང་མོ་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་པའི་མངོན་འདོད་སྒྲུབ་སླད་ལས་འགུལ་གང་མང་སྤེལ་དགོས་པའི་འབོད་སྐུལ་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་ཀྱི་གནད་དོན་དེ་འཛམ་གླིང་གི་གནད་དོན་ཐོག་སླེབ་ཐུབ་པའི་རེ་བ་ཡང་གནང་ཡོད་པ་མ་ཟད། ལས་འགུལ་དེ་དག་བཀའ་ཤག་གི་ལམ་སྟོན་བཞིན་ཞི་བདེ་དང་། ཁྲིམས་མཐུན། ཆེས་མཐོང་ལྡན་པའི་ཐོག་ནས་སྤེལ་དགོས་པའི་དྲན་སྐུལ་གནང་ཡོད།
བོད་ཀྱི་གནད་དོན་དེ་འཛམ་གླིང་གི་གནད་དོན་ཐོག་ཡོང་སླད། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ལོ་ ༢༠༡༧ འདི་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་བཞིན་པ་དང་། འབྱུང་འགྱུར་ཕྱི་ལོ་ ༢༠༡༨ དེ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་བ་དང་འབྲེལ་བཀའ་ཤག་གིས་ཕྱི་ལོ་ ༢༠༡༨ དེ་རྒྱལ་སྤྱིའི་ནང་གི་གཞུང་དང་མི་མང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྲུང་བརྩི་ཞུ་རྒྱུ་ཡིན་སྐོར་དང་། ལྷག་པར་རྒྱ་གར་གཞུང་དང་མི་མང་རྣམས་ཀྱིས་ལོ་ངོ་ ༦༠ ལྷག་རིང་ལྷག་བསམ་གཡོལ་མེད་ཀྱི་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཡིན་སྐོར་གསུངས་ཡོད་པ་བཅས། །