ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན། བོད་མིའི་སྒྲིག་འཛུགས་ནས་ནང་སྲིད་ཁྱབ་ཁོངས་རྒྱ་གར་དང་བལ་ཡུལ་ནང་རྒས་གསོ་ཁང་གྲངས་ ༡༤ ཡོད་པ་དེ་དག་གི་ནང་ད་ལྟ་འཚོ་བཞུགས་རྒས་འཁོགས་གྲངས་ ༦༣༥ ཡོད་པ་རྣམས་ལ་ཉིན་ལྟར་ལྟ་རྟོག་བྱེད་མུས་བཞིན། འདི་ལོར་བོད་མིའི་སྒྲིག་འཛུགས་ནས་རྒས་འཁོགས་རྣམས་ལ་སྤུས་ཚད་དང་ལྡན་པའི་མལ་ཆས་གསར་ཉོ་སླད་རོགས་དངུལ་མཐུན་འགྱུར་གནང་བ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡ ཉིན་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་། དྲུང་འཕར་ཀརྨ་ཆོས་དབྱིངས་ལགས། དྲུང་གཞོན་བཀྲ་ཤིས་བདེ་སྐྱིད་ལགས་བཅས་ནས་རྡ་ས་བྱམས་པ་གླིང་རྒས་གསོ་ཁང་གི་རྒས་འཁོགས་མི་རེ་ངོ་རེར་མལ་ཆས་གསར་པ་བགོ་འགྲེམས་ཞུས་པ་དང་འབྲེལ་རྒས་འཁོགས་རྣམས་ནས་དུས་རྒྱུན་ཁ་འདོན་དགེ་སྦྱོར་གནང་དགོས་ཁག་གིས་གཙོས་ཉིན་རེའི་བྱ་སྤྱོད་ཐོག་གོ་བསྐོན་ལམ་སྟོན་སློབ་གསོ་སོགས་འཐུས་གཙང་གནང་ཡོད་པ་དང་། དེ་མཚུངས་ཁྱབ་ཁོངས་ཕྱོགས་མཐའི་རྒས་གསོ་ཁང་ཁག་གི་ནང་ཡོད་པའི་རྒས་འཁོགས་ཡོངས་ལ་མལ་ཆས་བརྗེ་བསྒྱུར་བགོ་འགྲེམས་ཞུ་ཕྱོགས་འབྲེལ་ཡོད་ས་གནས་འགོ་འཛིན་སོ་སོ་བརྒྱུད་བཀོད་འདོམས་ཞུས་པ་ལྟར་གནང་མུས་བཅས།།