ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་བཞིན་ཡོད་པ་ལྟར། ཟླ་ ༩ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་དགུ་པ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་ལས་ཉིན་སྔ་མའི་འཕྲོས་མུ་མཐུད་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་དྲི་བ་འདོན་གནང་མཛད་པར། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་ཡོད། འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཀྱི་བགྲོ་གླེང་ཐོག་བཀུར་འོས་སྤྱི་འཐུས་ ༩ ཡིས་ཆ་ཤས་ལེན་གནང་སྟེ་བགྲོ་གླེང་མཇུག་སྒྲིལ་ཡོད།
དེ་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༨ པའི་ལས་བསྡོམས་དང་། སྙན་ཐོ་སྙན་སྒྲོན་ཟིན་པའི་ཐོག་སྤྱི་ཡོངས་ནས་བགྲོ་གླེང་ལྷུག་པོ་གནང་བའི་རྗེས། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་གོང་གསལ་སྙན་ཐོ་ནང་གསལ་མཇུག་སྐྱོང་ཞུ་ཕྱོགས་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཁག་བཞི་ཅན་བཏོན་གནང་བར་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་རྒྱབ་སྐྱོར་གནང་ཡོད། གྲོས་ཆོད་གྲོས་འཆར་དེར་བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་སྟེ་སྤྱི་མོས་ཐོག་གཏན་འབེེབས་གནང་ཡོད།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་དོན་ཚན་བཅུ་གཉིས་པའི་ནང་གསེས་ ༣ དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་དོན་ཚན་བཞི་པ་དང་། ལྔ་པའི་ནང་གསེས་ ༡ ། དྲུག་པའི་ནང་གསེས་ ༡ དང་ ༡༡ ། ཕྱོགས་མཚུངས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་གྱི་དོན་ཚན་དྲུག་པའི་ནང་གསེས། དང་པོ་བཅས་ཀྱི་ཐོག་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གསུམ་པ་ཡོངས་སུ་གྲུབ་གནང་ཡོད།
དེ་རྗེས་ཚོགས་དྲུང་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་གྲོས་ཚོགས་སྐབས་དགོངས་ཞུ་གནང་བའི་དགོངས་ཤོག་ཁག་སྙན་སྒྲོན་གནང་རྗེས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་མཆོག་གིས་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་གནང་སྟེ་ལས་ཉིན་དགུའི་རིང་གི་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པ་གྲོལ་བའི་གསལ་བསྒྲགས་གནང་ཡོད། །