ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་བཞིན་ཡོད་པ་ལྟར། ཟླ་ ༩ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཐོག་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བརྒྱད་པ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གཉིས་པའི་ལས་རིམ་སྐབས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་དོན་ཚན་བཅུ་གཅིག་པའི་ནང་གསེས་ ༢ གནས་སྐབས་གྲང་སངས་གནང་བ་དང་། དོན་ཚན་བཅུ་བདུན་པའི་ནང་གསེས་ ༣ པ་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་མ་ཐོབ་པས་་གཏན་འབེབས་གནང་ཐུབ་མེད།
ཉིན་རྒྱབ་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་མུ་མཐུད་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གཉིས་པའི་ལས་རིམ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་དོན་ཚན་བཅུ་གཉིས་པའི་ནང་གསེས་ ༣ པར་མང་མོས་ཀྱིས་གཏན་འབེབས་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་དོན་ཚན་བཞི་པ་དང་། ལྔ་པའི་ནང་གསེས་ ༡ ། དྲུག་པའི་ནང་གསེས་ ༡ དང་ ༡༡ པར་སྤྱི་མོས་ཀྱིས་གཏན་འབེེབས་གནང་བ་དང་སྦྲགས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་གྱི་དོན་ཚན་དྲུག་པའི་ནང་གསེས། ༡ པོར་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད།
དེ་རྗེས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༦་་་༢༠༡༧ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་རྗེས། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་ཡོད། དེར་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་རྒྱབ་སྐྱོར་གནང་ཡོད།
དེ་ནས་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༦་་་༢༠༡༧ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་རྗེས། སྤྱི་འཐུས་རྣམ་པས་ཕྱི་དྲིལ་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་དང་འབྲེལ་བའི་ཐོག་དྲི་བ་འདོན་གནང་མཛད་པར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་ཡོད། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཀྱི་བགྲོ་གླེང་ཐོག་བཀུར་འོས་སྤྱི་འཐུས་ ༡༠ ཡིས་ཆ་ཤས་ལེན་གནང་སྟེ་བགྲོ་གླེང་མཇུག་སྒྲིལ་ཡོད། དེ་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་དྲི་བ་འདོན་གནང་མཛད་པར། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།།