ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་གར་ཨོ་སི་ཊི་ལི་ཡ་སྐུ་ཚབ་དོན་ཀང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༥ རེས་གཟའ་ཟླ་བའི་ཉིན་ཨོ་སི་ཊོ་ལི་ཡའི་སིཌ་ནིའི་གྲོང་ཁྱེར་དུ་ཡོད་པའི་ནིའུ་ས་འོཏ་བྷེལ་གཙུག་ལག་སློབ་གྲྭ་ཆེན་མོའི་སར་ཇོན་ཁེལེན་སིའི་ཚོགས་ཁང་( Sir John Clancy Auditorium at the New South Wales University Kensington ) ནང་ལོ་ན་བཅུ་གསུམ་སོན་པའི་བུ་མོ་ཚེ་རིང་སྐལ་ལྡན་ལགས་ལ་བོད་ཀྱི་སྐད་ཡིག་སློབ་གཉེར་རྩེར་སོན་གྱི་བྱ་དགའ་དེ་མངའ་སྡེའི་བློན་ཆེན་གྱི་སྐུ་ཚབ་མངའ་སྡེའི་གྲོས་ཚོགས་འཐུས་མི་མི་རིགས་སྣ་མང་རིག་གཞུང་བློན་ཆེན་གྱི་དྲུང་ཆེ་འབུམ་རམས་པ་སྐུ་ཞབས་གྷེབ་ལེའི་( Dr Geoff Lee MP Parliamentary & Secretary to the Premier, Western Sydney and Multiculturalism མཆོག་གིས་ཕྱག་ནས་ཐོབ་ཡོད།
ནིའུ་སོའོ་རྡ་ལྦེ་མངའ་སྡེའི་ཁོངས་སུ། མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའམ་གཟའ་མཇུག་སློབ་གྲྭ་ཁག་ ༢༥༤ ཡོད་པ་དང་། སློབ་གྲྭ་དེ་དག་ནང་སྐད་ཡིག་མི་འདྲ་བ་ ༥༢ སློབ་བཞིན་ཡོད་ལ། སྐད་ཡིག་སྦྱོང་མཁན་སློབ་ཕྲུག་ཁྲི་གསུམ་ལྷག་ཡོད་པ་རེད། ད་རེས་ཀྱི་བློན་ཆེན་གྱི་བྱ་དགའ་དེ་ནི། གཟའ་འཇུག་སློབ་གྲྭ་སོ་སོས་རང་ཁོངས་སློབ་མའི་ནང་ནས་ལོ་འཁོར་ཡིག་རྒྱུགས་དང་། འཛིན་གྲྭར་བཅར་ཐོ། སྤྱོད་ལམ། རིག་རྩལ་འགྲན་ཚོགས་སུ་འཛུལ་ཞུགས་ཀྱི་སྤུས་ཚད་བཅས་གཙོ་བཟུང་གིས་བྱ་དགའི་
འོས་མི་གཉིས་རེ་མངའ་སྡེའི་ཤེས་རིག་ལས་ཁུངས་ལ་འབུལ་གྱི་ཡོད། ཤེས་རིག་ལས་ཁུངས་ཀྱིས་འོས་མི་དེ་དག་གི་གནས་སྟངས་ལ་དཔྱད་ཞིབ་ཀྱིས་རྩེ་ཕུད་བཅུ་དྲག་འདེམས་ཀྱིས་བྱ་དགའ་གནང་གི་ཡོད།
སིཌ་ནེའི་བོད་རིགས་མཐུན་ཚོགས་རིག་གནས་སྐྱེད་ཚལ་ཁང་གིས་འདི་ལོ་ཐེངས་དང་པོར་སློབ་མ་གཉིས་ཀྱི་ལོ་རྒྱུས་དང་བཅས་བྱ་དགའི་འོས་གཞིའི་ཁོངས་ཕུལ་ཡོད་པ་ལས་འཛིན་རིམ་ལྔ་པའི་སློབ་མ་ཚེ་རིང་སྐལ་ལྡན་ལགས་སུ་བློན་ཆེན་བྱ་དགའ་དང་། གཞི་རིམ་འཛིན་གྲྭའི་བུ་བསྟན་འཛིན་ཉི་མ་ལགས་སུ་ཕུལ་བྱུང་སློབ་མའི་གཟེངས་རྟགས་ཐོབ་ཡོད། དེ་ནི་ཨོ་སི་ཊོ་ལི་ཡའི་ལོ་རྒྱུས་ནང་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་གནང་ནས་བློན་ཆེན་གྱི་བྱ་དགའ་ཐོབ་པ་དང་པོ་དེ་ཡིན།
ཨོ་སི་ཊོ་ལི་ཡའི་སིཌ་ནི་བོད་རིགས་མཐུན་ཚོགས་རིག་གནས་སྐྱེད་ཚལ་ཁང་འདི་ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༩ ནང་ཁྱིམ་ཚང་གི་བོད་སྐད་བོད་ཡིག་སློབ་གྲྭའི་ངོ་བོ་ཙམ་ནས་རིམ་བཞིན་ཡར་རྒྱས་སོང་ཞིང་། ཕྱི་ལོ་ ༢༠༡༠ ལོར་སློབ་གྲྭའི་མིང་ལ་༼ རིག་གནས་སྐྱེད་ཚལ་ཁང་། ༽ ཞེས་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་། ཕྱི་ལོ་ ༢༠༡༣ ལོར་མངའ་སྡེའི་ཤེས་རིག་ལས་ཁུངས་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭར་དེབ་སྐྱེལ་ཞུས་རྗེས་སློབ་གྲྭའི་འཛིན་ཁང་ཁང་གླའི་དོད་དང་། དགེ་རྒན་ཟབ་སྦྱོང་སོགས་ཀྱི་མཐུན་རྐྱེན་མི་རིགས་གཞན་ཁག་དང་གཅིག་མཚུངས་ཐོབ་ཀྱི་ཡོད།
སློབ་གྲྭར་འདིར་བོད་མི་སྐྱབས་བཅོལ་བའི་སློབ་མ་བརྒྱ་ལྷག་དང་། དང་བླངས་དགེ་རྒན་ལས་བྱེད་ཉེར་དྲུག་ཡོད། སློབ་གྲྭ་འདིའི་འཛིན་སྐྱོང་གི་སྒྲིག་གཞི་དང་ཤེས་ཡོན་གྱི་སྲིད་བྱུས་ཨོ་གླིང་མངའ་སྡེའི་གཞུང་གི་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ལམ་སྟོན་ཁག་དང་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཉིས་ཟུང་འབྲེལ་བྱས་ནས་འགྲོ་བཞིན་ཡོད།
སློབ་གྲྭའི་ལས་རིམ་ནི། རེས་གཟའ་སྤེན་པ་ནམ་ཡིན་ལ། དང་བླངས་དགེ་རྒན་ཚོས་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལོ་རྒྱུས། ནང་ཆོས། རྐང་བྲོ་གླུ་གཞས་བཅས་སློབ་བཞིན་ཡོད་པ་དང་། དེ་ལ་ས་གནས་བོད་རིགས་མཐུན་ཚོགས་དང་། ཕ་མ་ཚོས་སློབ་མའི་འགྲིམས་འགྲུལ་དང་། བདེ་འཇགས། མཐུན་རྐྱེན་བཅས་ཀྱི་ཐད་མཐུན་འགྱུར་ཞབས་འདེགས་གནང་བཞིན་ཡོད་པ་རེད། གཟའ་མཇུག་སློབ་གྲྭ་འདི་ནི། ཨོ་སི་ཊོ་ལི་ཡའི་ནང་གི་བོད་མིས་འཛིན་སྐྱོང་བྱེད་བཞིན་པའི་ཚད་ལྡན་གྱི་སློབ་གྲྭ་ཞིག་རེད།།