ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་དབུས་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་དང་། སིམ་ལ་ས་གནས་འགོ་འཛིན་བསྟན་འཛིན་ནོར་བུ་ལགས། ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་མིག་དམར་བུ་འཁྲིད་ལགས་བཅས་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཧི་མཱ་ཅལ་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ Shri V.C. Pharkha མཆོག་ལ་ཆེད་མངགས་མཇལ་འཕྲད་ཀྱིས་ཧི་མཱ་ཅལ་མངའ་སྡེའི་ཁོངས་སུ་གཏོགས་པའི་བོད་མིའི་གཞིས་ཁག་ ༡༤ ནང་གནས་པའི་བོད་མི་རྣམས་ཀྱི་བདེ་སྡུག་གནད་དོན་གཙང་ཐག་མ་ཆོད་པ་ཁག་དང་། དཀའ་ངལ་གསར་པ་ཇི་འཕྲད་སོགས་ཀྱི་ཐད་བཀའ་བསྡུར་དང་།
དེ་སྔོན་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༩ ཉིན་དེ་སྔའི་སྤྱི་ཁྱབ་དྲུང་ཆེ་དབུ་བཞུགས་ཐོག་བཀའ་བསྡུར་ཐག་གཅོད་གནང་བའི་མཇུག་འབྲེལ་དང་། ད་ལྟའི་གནས་སྟངས་སོགས་འཁོད་པའི་སྙན་ཐོ་རེའུ་མིག་ཤོག་ལྷེ་ ༡༡ ཅན་བཅས་སྙན་འབུལ་ཞུས་ཡོད་པར། མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་ཧི་མཱ་ཅལ་མངའ་སྡེ་ཁྱབ་ཁོངས་སིམ་ལ་དང་། རྡ་ས། ཀུ་ལུ། ཅམ་སྦ། མན་ཌི། ནཱ་ཧན། སིར་མཽར། སོ་ལན་བཅས་རྫོང་སོ་སོའི་རྫོང་དཔོན་ Deputy Commissioner (DC) རྣམས་ལ་ཞལ་པར་ཐོག་བཀའ་མངགས་དང་འབྲེལ། རྫོང་དེ་དག་གི་འོག་ཚུད་པའི་ས་གནས་འགོ་འཛིན་རྣམས་ནས་རྫོང་དཔོན་ DC ལ་ས་གནས་སོ་སོའི་དཀའ་ངལ་གནད་དོན་སྙན་གསན་གྱིས་དེ་དག་གི་གནས་ཚུལ་དང་གནས་སྟངས་ཇི་ཆགས་ Feedback ཐ་དག་སིམ་ལ་ས་གནས་འགོ་འཛིན་བརྒྱུད་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ མཆོག་ལ་སྙན་གསན་ཐོག་མ་འོངས་ལག་བསྟར་ཇི་དགོས་མངའ་གཞུང་ནས་གནང་རྒྱུ་ཐག་གཅོད་གནང་ཡོད་པ་བཅས།།