ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༣ ཉིན་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་ལྔ་པའི་སྔ་དྲོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུ་རྒྱུར་གཏན་འབེབས་གནང་བའི་རྒྱུ་མཚན་སོགས་ཀྱི་སྐོར་ལ་གསལ་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་དགོས་སྐོར་གསུང་དོན། བོད་ཀྱི་བུད་མེད་ཚོགས་པ་བཀའ་ཤག་ཏུ་ཡོང་ནས་བུད་མེད་སྒེར་ལངས་ཉིན་མོ་དེ་གཞུང་འབྲེལ་ཐོག་ནས་སྲུང་བརྩི་གནང་བ་ཡིན་ན་ཧ་ཅང་ཕན་ཐོགས་ཡོང་ས་རེད། གང་ཡིན་ཞེ་ན། ད་ལྟའི་ཆར་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བུད་མེད་སྒེར་ལངས་ཉིན་མོར་མི་མང་གིས་ཆ་ཤས་ལེན་གྱི་མི་འདུག ཧ་ཅང་སེམས་པ་སྐྱོ་བོ་དང་དཀའ་ངལ་ཆེན་པོ་འདུག་ཅེས་མིག་ཆུ་དང་མཉམ་དུ་ཞུས་སོང་། སྲིད་སྐྱོང་དང་བཀའ་ཤག་ངོས་ནས་བསམ་བློ་བཏང་སྟེ་བུད་མེད་སྒེར་ལངས་ཉིན་མོ་གཞུང་འབྲེལ་ངོས་ལེན་ཞུ་ཐབས་མེད་པར་བརྟེན། བུད་མེད་སྒེར་ལངས་ཉིན་མོར་མི་མང་གིས་ཆ་ཤས་དེ་ཙམ་ལེན་གྱི་མེད་པའི་དཀའ་ངལ་ཡོད་པར་བརྟེན་དཀའ་ངལ་དེ་སེལ་དགོས་ན། བུད་མེད་སྒེར་ལངས་ཉིན་མོའི་སྐོར་ངོ་སྤྲོད་དང་། བོད་ཀྱི་བུད་མེད་དཔའ་མོ་དེ་དག་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྩ་དོན་སླད་རང་སྲོག་བློས་གཏོང་བའི་སྐོར་གླེང་བ་དང་མཉམ་དུ་བུད་མེད་ནུས་སྟོབས་གོང་སྤེལ་གཏོང་རྒྱུའི་གནད་དོན་གང་ཡོད་ནའང་གླེང་ཐུབ་པའི་ཐབས་ལམ་ཞིག་བྱུང་ན་ཧ་ཅང་ཡག་པོ་འདུག་བསམས་པའི་ཐོག་ནས་བཀའ་ཤག་གིས་བཀའ་བསྡུར་གནང་སྟེ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་ཉིན་མོར་སྲུང་བརྩི་ཞུས་ན་ཧ་ཅང་ཡག་པོ་འདུག་ཅེས་ཐབས་ལམ་བཙལ་བ་རེད།
ཉིན་མོ་དེ་གཞུང་འབྲེལ་མཛད་སྒོ་ཡིན་སྟབས། མི་མང་མང་པོ་རང་བཞིན་གྱི་འཛོམས་ཡོང་གི་རེད་ལ་གཞུང་འབྲེལ་ངོས་ནས་བཀོད་ཁྱབ་གཏོང་གནང་གི་རེད། ཅེས་སྐབས་དེར་ང་ཚོས་ཐད་ཀར་ཞུས་པ་ཡིན། ཉིན་མོ་དེར་བུད་མེད་སྒེར་ལངས་སྐོར་དང་བུད་མེད་དཔའ་མོའི་སྐོར་གང་གསུང་རྒྱུ་ཡོད་ན་གསུང་རོགས། བཀའ་ཤག་ནས་ཀྱང་དེ་ག་རང་བཤད་ཀྱི་རེད། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་སྲིད་སྐྱོང་གིས་གཏམ་བཤད་འགོ་འཛུགས་སྐབས་དེ་རིང་ནི་བུད་མེད་སྒེར་ལངས་ཉིན་མོ་རེད། བོད་ནང་དཔའ་མོ་མང་པོ་ཞིག་གིས་རང་སྲོག་བློས་གནང་ཡོད་པ་དེ་དག་མ་བརྗེད་པ་གནང་དགོས། ཞེས་བརྗོད་ནས་འགོ་བཙུགས་ཡོད། མཛད་སྒོའི་ཐོག་མི་མང་པོ་བཅར་ཡོད་སྟབས། མཛད་སྒོ་གྲོལ་རྗེས་ཁྲོམ་སྐོར་སོགས་གང་གནང་འདོད་ཡོད་ནའང་གནང་ན་མི་མང་པོ་ཕེབས་ཀྱི་རེད། ཕལ་ཆེར་ན་ནིང་ལོའི་བུད་མེད་སྒེར་ལངས་ཉིན་མོར་རྡ་སར་ཁྲོམ་སྐོར་ཕེབས་མཁན་ལོ་རྒྱུས་ནང་མི་འབོར་མང་ཤོས་ཆགས་ཡོད། ཅེས་ཞུས་ན་འགྲིག་གི་རེད་དྲན་གྱི་འདུག ཅེསསོགས་གསུངས་ཡོད། །