༢༠༡༧ ཟླ་ ༩ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཇར་མ་ནིའི་སྲིད་བློན་ཨེན་གེ་ལ་མར་ཀེལ་ Angela Merkel མཆོག་ལ་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་དོན། ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་མཆོག་ཐེངས་བཞི་བསྟུད་མར་འཇར་མན་ཡུལ་གྱི་སྲིད་བློན་དུ་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
སྐུ་ཉིད་མཆོག་ལ་རྒྱལ་ཁ་ཐོབ་པ་དེ་ནི་སྐུ་ཉིད་མཆོག་གིས་འཇར་མན་ཡུལ་ཙམ་མ་ཟད། འཛམ་གླིང་སྤྱི་ལ་འཕྲད་བཞིན་པའི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་འགྲོ་བ་མིའི་ཆེ་མཐོང་དང་རིན་ཐང་གུང་དུ་འདེགས་ཐུབ་པའི་རླབས་ཆེན་གྱི་བྱས་རྗེས་ལ་ངོས་འཛིན་ཐོབ་པ་ཞིག་མཚོན།
གུ་ཡངས་མང་གཙོའི་རིན་ཐང་གོང་མཐོར་གཏོང་མཁན་བྱམས་བཙེ་ལྡན་པའི་དབུ་ཁྲིད་ཅིག་ཡིན་པའི་ངོས་ནས་སྐུ་ཉིད་མཆོག་གིས། འཇར་མན་ཡུལ་དུ་སྐྱབས་བཅོལ་བ་ས་ཡ་ཙམ་ལ་གནས་ཚང་གི་མཐུན་རྐྱེན་སྦྱར་བ་དེས་གཅིག་སྒྲིལ་ཐོག་ནས་གོ་ལའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཐོག་རེ་བ་གསར་པ་ཞིག་དང་འཆར་སྣང་བཟང་པོ་ཞིག་བསྐྲུན་ཐུབ་ཡོད།
སྤྱིར་སྐུ་ཉིད་མཆོག་གི་རྒྱལ་ཁ་དེ་འཇར་མན་འོས་བསྡུའི་རྒྱལ་ཁ་ཞིག་ལས་མ་འདས་ཀྱང་། རྒྱལ་ཁ་དེས་འཛམ་གླིང་མི་མང་གི་འདམ་ཁ་ཞིག་མཚོན་བཞིན་ཡོད། སྐུ་ཉིད་མཆོག་གིས་དབང་ཆ་མེད་མཁན་དང་དཀའ་སྡུག་མྱོང་བཞིན་པའི་མི་མང་རྣམས་ལ་རྒྱབ་སྐྱོར་གནང་བ་དེས་ང་ཚོར་དུས་རྟག་ཏུ་སྙིང་སྟོབས་སྤེལ་བཞིན་འདུག དེར་བརྟེན་ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་རྒྱལ་ཁ་དེ་ཧ་ཅང་གནད་འགག་ཆེན་པོ་ཞིག་མཐོང་གི་འདུག
དེར་བརྟེན་སྐུ་ཉིད་མཆོག་གིས་ད་ཆ་སྲིད་བློན་གྱི་ལས་ཡུན་སྐབས་བཞི་པའི་ཐོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་ནས་གྲོས་མོལ་གྱི་ལམ་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་བྱེད་བཞིན་པ་འདིར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད། ཅེས་འཁོད།
སྤྱིར་ཨེན་གེ་ལ་མར་ཀེལ་མཆོག་ནི་ཕྱི་ལོ་ ༢༠༠༥ ལོར་ཇར་མ་ནིའི་ཡུལ་གྱི་བུད་མེད་སྲིད་བློན་འོས་འདེམས་བྱུང་བ་ཐོག་མ་དེ་ཆགས་ཡོད་པ་བཅས།།