༢༠༡༧ ཟླ་ ༩ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༥ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མེག་སི་ཀོ་རྒྱལ་ཡོངས་རང་སྐྱོང་གཙུག་ལག་སློབ་གཉེར་ཁང་ National Autonomous University གི་ལྟ་གྲུབ་ཚན་པའི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད། དེ་ཡང་ཐོག་མར་དཔེ་མཛོད་དང་འཁྲབ་སྟོན་ཁང་སོགས་ནང་གཟིགས་སྐོར་གནང་རྗེས་སྲིད་སྐྱོང་མཆོག་གིས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན།
ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་མ་བྱས་གོང་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད་པའི་དཔེ་ལྟར་བདེན་པ་ར་སྤྲོད་བྱ་ཐབས་མེད་བཞིན་དུ་བོད་ནི་དེ་སྔ་ཡོན་རྒྱལ་རབས་ Yuan dynasty ཀྱི་དུས་སྐབས་ནས་བཟུང་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་སྙོན་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ལ་དབང་སྒྱུར་བྱས་ནས་བོད་མི་གུན་ཁྲན་ཏང་ཡོན་དུ་བསྐོ་གཞག་བྱས་ཡོད་ཀྱང་བོད་མི་དེ་དག་ལ་ཞེ་ཐག་པ་ནས་ཡིད་ཆེས་བློ་འགེལ་རྩ་བ་ནས་བྱེད་ཐུབ་མེད། དེར་བརྟེན་བོད་རང་སྐྱོང་ལྗོངས་དབུས་སའི་ལས་ཁུངས་ཁག་ནང་ཁྲིམས་ལུགས་དང་སྲིད་བྱུས་ཐག་གཅོད་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་རིགས་ལས་རྒྱ་རིགས་ལ་སྤྲོད་བཞིན་ཡོད།
བོད་མི་མང་ཚོགས་དཀྱུས་མ་ཙམ་མ་ཟད། ཏང་ཡོན་ལས་བྱེད་ནང་ཁུལ་ཡིན་ནའང་བོད་རིགས་ལ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་། དེ་བཞིན་སློབ་གྲྭའི་ནང་སློབ་ཚན་སློབ་ཁྲིད་བྱ་རྒྱུའི་བརྒྱུད་ལམ་གཙོ་བོ་རྒྱ་སྐད་བཞག་པར་བརྟེན་བོད་མི་རྣམས་ཀྱིས་རྒྱ་སྐད་མ་སྦྱང་ཐབས་མེད་ཀྱི་གནས་སུ་གྱུར་བ་དང་། ལྷ་སའི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་གསོ་བ་རིག་པ་དང་། རྩིས་རིག དེ་བཞིན་ནང་པའི་ལྟ་གྲུབ་རྣམས་རྒྱ་སྐད་ཐོག་ནས་སློབ་འཁྲིད་བྱེད་བཞིན་ཡོད། ཅེས་གསུངས།
ཕྱོགས་མཚུངས་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་སྐོར་གསུང་དོན། ཕྱི་ལོ་ ༢༠༡༦ ལོར་རང་དབང་གསར་ཁང་ Freedom House ཞེས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། འཛམ་གླིང་ནང་ཆེད་རང་དབང་ཉུང་ཤོས་ཀྱི་ས་ཁུལ་ནང་བོད་དེ་ཨང་གཉིས་པར་བཞག་ཡོད་པ་དང་། རྒྱ་ནག་གཞུང་གིས་དམ་བསྒྲགས་དང་དྲག་གནོན་ཇི་ཙམ་བྱེད་མིན་ལ་མ་ལྟོས་པར་བོད་མི་ཚོས་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ནས་བོད་དོན་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས།
དེ་ཉིན་ཕྱེད་ཡོལ་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡུལ་དེའི་སི་པེ་ནིཤ་ Spanish སྐད་ཡིག་ཐོག་གི་བདུན་རེའི་གསར་འགྱུར་ཚན་པ་གྲགས་ཅན་ Newsweek གྱི་རྩོམ་སྒྲིག་པ་སྐུ་ཞབས་ཨན་དྲིཡན་ཨེ་མེ་ཛ་ཀའོ་ Adriana Amezcua ལགས་དང་།
དེ་བཞིན་མེག་སི་ཀོའི་ནང་ཉིན་རེའི་གསར་ཤོག་གྲགས་ཆེ་ཤོས་རི་ཕོར་མ་ Reforma ཞེས་པའི་བཅར་འདྲི་དང་ལེན་གནང་བ་མ་ཟད། རླུང་འཕྲིན་ཚན་པ་ La Red de Radio Red ཞེས་པའི་དྲི་བ་རྣམས་ལ་ལན་འདེབས་ཀྱང་མཐིལ་ཕྱིན་པ་གནང་འདུག་པ་བཅས།།