ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་ལ་ཏི་ཝ་ཡའི་ Latvia རྒྱལ་ས་རི་ག་ Riga ནས་མེཀ་སི་ཀོའི་སྲིད་འཛིན་སྐུ་ཞབས་ Enrique Pena Nieto མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག
དེ་ཡང་ཉེ་ལམ་མེཀ་སི་ཀོའི་ནང་ས་ཡོམ་གྱིས་གོད་ཆག་འོག་མི་གྲངས་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཚབས་ཆེ་ཕོག་པར་བརྟེན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེཀ་སི་ཀོའི་སྲིད་འཛིན་སྐུ་ཞབས་ Enrique Pena Nieto མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ས་ཡོམ་གྱི་གོད་ཆག་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་དང་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་ངོས་ཀྱིས་ཞེ་ཐག་པ་ནས་སེམས་གསོ་ཞུ་རྒྱུ་ཡིན། ངོས་རང་དེ་སྔ་མེཀ་སོ་ཀོའི་ནང་ཐེངས་འགའ་ཤས་སླེབས་པའི་ཉམས་མྱོང་དེ་དག་བསམ་བློ་འཁོར་སྐབས་སེམས་ནང་དགའ་སྣང་གི་ཚོར་བ་སྐྱེ་བཞིན་འདུག ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༠ ཁུལ་དེར་འབྱོར་བ་མཐའ་མ་ཆགས་ཡོད། དེར་བརྟེན་ཐེངས་འདིར་ས་ཁུལ་དེར་རང་འབྱུང་ས་ཡོམ་གྱིས་དཀའ་ངལ་ཚབས་ཆེ་དེ་འདྲ་བཟོས་པ་མཐོང་སྐབས་སེམས་སྡུག་ཡོང་བཞིན་འདུག ངོས་ཀྱིས་མེཀ་སི་ཀོ་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཞེས་འཁོད་པ་མ་ཟད། ཛ་དྲག་ངལ་སེལ་རོགས་སྐྱོབ་ཀྱི་ལས་གཞིར་ཡི་རང་བསྔགས་བརྗོད་མཛད་འདུག་པ་བཅས།།