༢༠༡༧ ཟླ་ ༩ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཉེ་ལམ་རྒྱ་གར་ནང་ཆར་ཞོད་ཀྱི་རྐྱེན་པས་ས་ཁུལ་མང་པོར་ཆུ་རུད་དང་ས་རུད་སོགས་རང་བྱུང་གོད་ཆག་འོག་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཤུགས་ཆེ་ཕོག་པའི་གནས་ཚུལ་ཐོན་བཞིན་པ་ལྟར། རྒྱ་གར་བྱང་ཕྱོགས་བྷི་ཧཱར་ Bihar དང་ཨ་སཱམ་ Assam མངའ་སྡེའི་ནང་ཆུ་རུད་ཀྱི་གོད་ཆག་འོག་མི་མང་རྣམས་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་ Shri Nitish Kumar དང་། ཨ་སཱམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སར་བྷ་ནནྡཱ་སོ་ནོ་ཝལ་ Shri Sarbananda Sonowal མཆོག་རྣམ་གཉིས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ་བརྒྱུད།
གོད་ཆག་འོག་ཚེ་སྲོག་ཤོར་བ་རྣམས་དང་སྡོད་ཁང་སོགས་རྒྱུ་ནོར་ལོངས་སྤྱོད་ལ་གནོད་འཚེ་ཕོག་པར་ཐུགས་ཕམ་ཧ་ཅང་མཛད་པ་དང་སྦྲགས། ཤུལ་ལུས་ནང་མི་སྤུན་མཆེད་སོགས་ལ་ཐུགས་གསོ་མཛད། ཕྱོགས་མཚུངས་ས་ཁུལ་སོ་སོའི་ནང་ཛ་དྲག་ངལ་སེལ་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་པར་བསྔགས་བརྗོད་མཛད་པ་མ་ཟད། དགའ་ལྡན་ཕོ་བྲང་ཐེབས་རྩ་ཁང་བརྒྱུད་ངལ་སེལ་རོགས་དངུལ་ཕྲན་བུ་གསོལ་སྩལ་མཛད་རྒྱུ་ཡིན་སྐོར་འཁོད། །