༢༠༡༧ ཟླ་ ༩ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མན་གྱི་གྲོང་ཁྱེར་ཕེརེངྐ་ཕོཌ་ Frankfurt གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་ཁང་གི་དབུ་འཛིན་བྲག་གཡབ་སྐྱབས་མགོན་མཆོག་གིས་གཙོས་གནད་ཡོད་མི་སྣ་དང་བོད་རིགས། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་ཡང་མཛད་འཆར་ལྟར་ན། ཕྱི་ཟླ་ ༩ ཚེས་ ༡༣ ཉིན་རྒྱབ་འཇར་མན་གྲོང་ཁྱེར་ཕེརེངྐ་ཕོཌ་ནང་དུ། ཐུན་མོང་དུ་སྤྱོད་པའི་གོ་ལའི་བཟང་སྤྱོད་ཀྱི་རིན་ཐང་། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང་། གོ་སྒྲིག་ཞུ་མཁན་ཕེརེངྐ་ཕོཌ་བོད་ཁང་ཡིན་འདུག
ཕྱི་ཚེས་ ༡༤ ཉིན། གྲོང་ཁྱེར་དེའི་ནང་ནུབ་ཕྱོགས་པའི་ཚན་རིག་རྣམ་གཞག་དང་ནང་པའི་ལྟ་ཚུལ། ཞེས་པའི་བགྲོ་གླེང་ལྷན་ཚོགས་སྐབས་སྔ་དྲོའི་ཚོགས་ཐུན་སྐབས་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ།
དེ་བཞིན་ཕྱི་ཚེས་ ༡༦ ཉིན། ཨི་ཊ་ལིའི་ Italy མངའ་སྡེ་སི་སི་ལིའི་ Sicily གྲོང་ཁྱེར་ཊོར་མི་ན་ Taormina ནང་གི་གནའ་བོའི་གྷི་རིག་དང་རོ་མན་འཁྲབ་སྟོན་ཁང་ Ancient Greek-Roman Theater དུ་ཞི་བདེའི་སྐོར་མང་ཚོགས་ལ་བཀའ་སློབ་བཀའ་དྲིན་སྩལ་རྒྱུ།
ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་ཨི་ཊ་ལིའི་སི་སི་ལི་མངའ་སྡེའི་མེ་སི་ན་ Messina ཞེས་པའི་གྲོང་ཁྱེར་གྱི་ཏེ་ཏོ་རོ་ཝི་ཏོ་རི་ཡ་ཨེ་མ་ནོལ་ Teatro Vittorio Emanuele ཚོགས་ཁང་ནང་དུ་བྱམས་བརྩེ་གཞི་རྩར་བཟུང་བའི་བཟང་སྤྱོད་ཉམས་ལེན་བྱ་ཚུལ་དང་། རྟེན་འབྲེལ་གྱི་རྣམ་གཞག་སྐོར་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༡༨ ཉིན། སི་སི་ལི་ Sicily མངའ་སྡེའི་པ་ལེར་མོ་ Palermo གྲོང་ཁྱེར་ནང་དུ། ཤེས་ཡོན་ལ་སྤྲོ་སྣང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༩ ཉིན། གྲོང་ཁྱེར་ཕོ་ལོ་རེན་སི་ Florence ནང་ཤེས་ཡོན་གྱི་ལམ་ནས་ཞི་བདེ་བསྐྲུན་ཐབས། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢༠ དང་ ༢༡ བཅས་ཉིན་གྲངས་གཉིས་རིང་ནང་ཆོས་ནས་གསུང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་དང་ཚན་རིག་དབར་གྱི་བགྲོ་གླེང་ལྷན་ཚོགས་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ། སྐབས་དེར་ཀླད་ཁམས་དང་ཚད་རྡུལ་ཕྲ་མོའི་དངོས་ཁམས་རིག་པའི་རྣམ་གཞག དེ་བཞིན་ནུབ་ཕྱོགས་པའི་ལྟ་གྲུབ་རྣམ་གཞག་སྐོར་བགྲོ་གླེང་མཛད་རྒྱུ་དང་། གོ་སྒྲིག་ཞུ་མཁན་པི་ས་མཐོ་སློབ་ University of Pisa དང་བླ་མ་ཙོང་ཁ་པའི་ཆོས་ཚོགས་ Istituto Lama Tzong Khapa ཐུན་མོང་ཡིན་འདུག
ཕྱི་ཚེས་ ༢༣ དང་ ༢༤ བཅས་ཉིན་གྲངས་གཉིས་རིང་ལ་ཏི་ཝ་ཡའི་ Latvia རྒྱལ་ས་རི་ག་ Riga ཞེས་པ་དེར་སློབ་དཔོན་ཀམལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་བཀའ་ཆོས་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་ཆོས་འབྲེལ་སྩལ་རྒྱུ། ཕྱི་ཚེས་ ༢༥ ཉིན་རྒྱལ་མཚམས་མེད་པའི་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་རྒྱུ་བཅས་མཛད་འཆར་སྙིང་བསྡུས་སུ།།
སྐུ་པར་མཐུན་འགྱུར། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།