༢༠༡༧ ཟླ་ ༩ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཕྱོགས་ཨ་ཡིར་ལེནྜི་རྒྱལ་ས་ཌེ་རིའི་ནང་སྟོང་ལོའི་གླེང་སྟེགས། Millennium Forum ཞེས་པའི་ཚོགས་ཁང་ནང་མང་ཚོགས་ལ་སེམས་རྒྱུད་འདུལ་ཐབས་ཀྱི་སློབ་གསོ་དགོས་གལ་སྐོར་བཀའ་སློབ་སྩལ་འདུག
དེ་ཡང་སྐབས་དེར་ཐོག་མར་སྐུ་ཞབས་རི་ཆཌ་མོར་མཆོག་གིས་མང་ཚོགས་ལ་ངོ་སྤྲོད་གནང་དོན། འཁྲུག་རྩོད་ནང་ཚུད་པའི་བྱིས་པ་སྲུང་སྐྱོབ་ཚོགས་པ་བཙུགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་འདི་དུས་ཚོད་གང་ཙམ་སྔོན་ནས་འཆར་གཞི་བང་བསྒྲིགས་ཡོད། ཚོགས་པས་ཨཕ་རི་ཀའི་ཏེན་ཛ་ནི་ཡ་ Tanzania དང་ཨི་ཐོ་པི་ཡའི་ Ethiopia ནང་ལས་གཞི་སྤེལ་ནས་ལོ་བཅུ་འགྲོ་བཞིན་ཡོད་པར་བརྟེན་ཉམས་མྱོང་གཞིར་བཟུང་ཕྲུ་གུ་ཆུང་ངུ་སློབ་གྲྭར་མ་ཞུགས་སྔོན། སྔོན་འགྲོ་འཛིན་གྲྭ་ལྟ་བུ་ནས་སློབ་གསོ་སྤྲོད་དགོས་རྒྱུ་ཧ་ཅང་གལ་གནད་ཆེ་བ་མ་ཟད། སློབ་གྲྭའི་ནང་དུའང་སྦྱོང་བརྡར་གང་ལེགས་ཐོབ་པའི་དགེ་རྒན་ཉམས་མྱོང་ཅན་དགོས་སྐོར་སྙན་སེང་ཞུས།
དེ་རྗེས་༸གོང་ས་མཆོག་གིས་དེ་སྔ་མགོན་པོ་གང་ཉིད་མཆོག་༸སྐུ་འཁྲུངས་པའི་དུས་སྐབས་དེར་རྒྱ་ནག་དང་ཉི་ཧོང་དབར་དམག་འཁྲུག་ Sino-Japanese conflict རྒྱག་བཞིན་པ་མ་ཟད། དེ་རྗེས་འཛམ་གླིང་དམག་ཆེན་གཉིས་པ་དང་། ཨི་རཱག་ Iraq དང་ཨབ་གྷ་ནི་སི་ཐན་ Afghanistan དབར་འཁྲུག་རྩོད་སོགས་མདོར་ན་འཛམ་གླིང་ནང་འཚེ་བའི་ལས་འགུལ་བསྟུད་མར་སྤེལ་བཞིན་པའི་གནས་སྟངས་གཟིགས་སྐོར་དང་འབྲེལ་བཀའ་སློབ་སྩལ་དོན།
སྤྱིར་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཡིན་པ་ར་སྤྲོད་ཐུབ་ཡོད་ཀྱང་། ད་ལྟའི་འཛམ་གླིང་གི་གནས་སྟངས་ལ་གཞིགས་ཚེ་མིས་བཟོས་པའི་དཀའ་ངལ་མང་དག་ཅིག་མཐོང་ཆོས་སུ་ཡོད། དེ་ནི་གཙོ་བོ་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུ་ནང་གི་གཤིས་རྒྱུད་ཇེ་བཟང་དུ་གཏོང་རྒྱུའི་ཐད་སློབ་གསོ་འདང་ངེས་ཤིག་མེད་པ་ཧ་ཅང་གསལ་པོ་མཚོན་ཐུབ། ང་ཚོ་ཆགས་སྡང་གིས་རྒྱུད་རློམ་སྐབས་ལམ་སེང་དེར་གཉེན་པོ་བསྟེན་དགོས་ཀྱང་དེ་ལས་ལྡོག་སྟེ་སེམས་འཁྲུག་བཞིན་ཡོད། སེམས་འཁྲུག་པར་བརྟེན་ལེགས་ཉེས་འབྱེད་པའི་མིའི་རྣམ་དཔྱོད་ཀྱི་ཤེས་རབ་ཚུལ་བཞིན་བཀོལ་མ་ཐུབ། དེར་བརྟེན་བློའི་འགྲོ་སྟངས་དང་སེམས་ཚོར་གྱི་རྣམ་གཞག་གང་ཡིན་ཤེས་དགོས།
ད་བར་ཨེ་ཤི་ཡས་ནུབ་ཕྱོགས་སར་ནས་ཚན་རིག་དང་འཁྲུལ་རིག་སྐོར་བློ་སྐྱེས་བླངས་ཡོད། འོན་ཀྱང་ད་ཆ་ང་ཚོས་ནུབ་ཕྱོགས་པ་ཚོ་ལ་ཕར་བསམ་བློའི་སྐོར་བློ་སྐྱེད་ཕལ་ཆེར་སྤྲད་ཐུབ་རྒྱུ་རེད། ཕྱི་དངོས་པོའི་མཐུན་རྐྱེན་གཅིག་པུས་སེམས་ནང་ཞི་བདེ་བསྐྲུན་མ་ཐུབ་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ང་ཚོས་དེང་དུས་ཤེས་ཡོན་ལམ་ལུགས་དེ་ཆ་ཚང་བ་ཞིག་བཟོ་དགོས།
འདས་པའི་དུས་རབས་ནང་གནས་ཚུལ་མང་པོའི་ཐོག་གྲུབ་འབྲས་ཧ་ཅང་སོན་ཡོད་ཀྱང་དུས་རབས་དེ་ནི་འཚེ་བའི་དུས་རབས་ཤིག་ཆགས་པ་རེད། ངོས་ཀྱིས་དེ་རིང་སྔ་དྲོ་གསར་འགོད་ལྷན་ཚོགས་ཐོག་ཞུས་པ་ལྟར་དམག་དཔུང་མེད་པའི་འཛམ་གླིང་ཞིག་བཟོ་རྒྱུའི་དམིགས་ཚད་བཟུང་དགོས་ཀྱང་གོ་མཚོན་མུ་མཐུད་བཟོ་རྒྱུ་མ་ཟད། གོ་མཚོན་ཉོ་ཚོང་གི་ལས་དོན་ཤུགས་ཆེ་གཉེར་བཞིན་ཡོད། དཀྱིལ་ཤར་ཨེ་ཤི་ཡ་ Middle East དང་ཀོ་རིའི་དཀའ་རྙོག་དེ་དག་ཁུངས་གཏུག་པ་ཡིན་ན་གཙོ་བོ་ཉོན་མོངས་ལ་ཐུག་པ་དང་། དཀའ་ངལ་གང་ཡིན་དྲག་པོའི་སྟོབས་ཤུག་ཐོག་ནས་སེལ་ཐུབ་ངེས་ཡིན་བསམ་པའི་ལོག་རྟོག་ལས་བྱུང་བ་རེད། གཞོན་སྐྱེས་ཚོའི་བསམ་བློའི་ནང་ལོག་རྟོག་དེ་དག་ང་ཚོས་སེལ་ཐབས་བྱེད་དགོས། འཚེ་བས་དཀའ་ངལ་སེལ་ཟེར་རྒྱུ་དེ་དུས་ཚོད་ཡོལ་ཟིན་པའི་གནས་སྟངས་ཤིག་རེད། དེར་བརྟེན་ཐབས་ལམ་གཞན་ཞིག་ཐོག་ད་ལྟ་ནས་ང་ཚོས་འབད་བརྩོན་བྱེད་པ་ཡིན་ན་མ་འོངས་པར་འཛམ་གླིང་ཕྲན་བུ་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ། ངོས་ཀྱི་མི་ཐོག་འདིའི་རིང་བཟང་ཕྱོགས་ཀྱི་འགྱུར་བ་དེ་མཐོང་རྒྱུར་ངོས་ཀྱིས་རེ་བ་བྱེད་ཀྱི་མེད། ཅེས་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བཀའ་སློབ་སྩལ་འདུག ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་འཇར་མ་ནི་ཡུལ་གྱི་གྲོང་ཁྱེར་ཕེ་རེངྐ་ཕོཌ་ Frankfurt ནང་ཆིབས་སྒྱུར་བསྐྱངས་འདུག་པ་བཅས།།
སྐུ་པར་མཐུན་འགྱུར་གནང་མཁན། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།