༢༠༡༧ ཟླ་ ༩ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །བྱང་ཕྱོགས་ཨ་ཡིར་ལེནྜ་ Northern Ireland མངའ་ཁུལ་གྱི་རྒྱལ་ས་ཌེ་རི་ Derry ཞེས་པའི་ནང་དུ་སྐུ་ཞབས་རི་ཆཌ་མོར་ Richard Moore མཆོག་གིས་འཁྲུག་རྩོད་ནང་ཚུད་པའི་བྱིས་པ་སྲུང་སྐྱོབ་ཚོགས་པ། ཞེས་པ་བཙུགས་ནས་ལོ་ངོ་ ༢༠ འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར། བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཁུལ་དེར་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་བཀའ་དྲིན་སྩལ།
དེ་ཡང་མགོན་པོ་གང་ཉིད་མཆོག་ཌེ་རི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་སྐུ་ཞབས་རི་ཆཌ་མོར་མཆོག་གིས་༸གོང་ས་མཆོག་སྟོན་འཁོར་དང་བཅས་པར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་ནས་བཞུགས་གནས་གསོལ་མགྲོན་ཁང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་རིགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བོད་ཀྱི་རྒྱལ་དར་སོགས་ཐོགས་ནས་ཕེབས་བསུ་ཞུས་པར་༸གོང་ས་མཆོག་གིས་ཀྱང་བོད་མི་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་རྣམས་ལ་༸ཞལ་འཛུམ་མདངས་དང་བཅས་འཚམས་འདྲི་མཛད།
དེ་རྗེས་མཛད་སྒོ་འཚོགས་ཡུལ་ཨེ་ཝར་གི་ལེཌ་གསོལ་མགྲོན་ཁང་ Everglades Hotel གི་ཚོགས་ཁང་དུ་ཐོག་མར་སྐུ་ཞབས་རི་ཆཌ་མོར་མཆོག་གིས། འཁྲུག་རྩོད་ནང་ཚུད་པའི་བྱིས་པ་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མར་ཀོ་སི་ཨོ་ནེལ་ Marcus O’Neill མཆོག་གིས་གཙོས་ཚོགས་མི་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་སྤྲོད་ཞུས།
ཉིན་གུང་ལྗགས་སྨིན་སྟབས་བདེ་ཞིག་བཞེས་གྲུབ་མཚམས་༸གོང་ས་མཆོག་གིས་ཚོགས་པའི་ནང་གཟེངས་སུ་འཐོན་པའི་ཕྱག་ལས་གནང་མཁན་ཚོགས་མི་ལྕམ་སྐུ་ Rose Kelly དང་སྐུ་ཞབས་ Joe Murray དེ་བཞིན་སྐུ་ཞབས་ Don Mcleish གསུམ་ལ་ཕྱག་རྟགས་གསོལ་སྩལ་མཛད།
དེ་ནས་ཉེ་འགྲམ་གྱི་ Millennial Forum ཞེས་པའི་ཚོགས་ཁང་ཆེན་མོའི་ནང་མི་གྲངས་ ༡༠༠༠ ལྷག་འདུ་འཛོམས་བྱུང་བའི་ཁྲོད་སྐུ་ཞབས་རི་ཆཌ་མོར་མཆོག་གིས་ཐོག་མར་ཚོགས་བཅར་བ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་དང་འབྲེལ་གསུང་དོན། ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལག་ལེན་མེད་པའི་ཁ་བཤད་བྱམས་བརྩེ་རྐྱང་པས་འདང་གི་མེད་སྐོར་བཀའ་སློབ་སྩོལ་བཞིན་ཡོད། འདིར་འཁྲུག་རྩོད་ནང་ཚུད་པའི་བྱིས་པ་སྲུང་སྐྱོབ་ཚོགས་པས་ད་བར་འབད་བརྩོན་གནང་འབྲས་སུ་ཕྲུ་གུ་མང་པོ་ཞིག་ལ་ཟས་གོས་གནས་མལ་ཙམ་མ་ཟད། ཤེས་ཡོན་གྱི་གོ་སྐབས་སྤྲོད་བཞིན་ཡོད། ང་ཚོའི་གྲོང་ཁྱེར་འདིར་མིང་གི་རྣམ་གྲངས་མང་པོ་ཡོད། ཌེ་རི་ Derry དང་ལོན་ཌོན་ཌེ་རི། Londonderry དེ་བཞིན་ལི་ཇེན་ཌེ་རི་ Legendderry བཅས་འབོད་སྲོལ་ཡོད། ཅེས་ངོ་སྤྲོད་ཞུས་གྲུབ་མཚམས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
གུས་བཀུར་འོས་པའི་མཛའ་གྲོགས་མཆོག ཁྱེད་ནི་ངོས་ཀྱི་དཔའ་བོ་ཡིན། ཞེས་ངོས་ཀྱིས་རྒྱུན་དུ་འབོད་བཞིན་ཡོད། ངོས་རང་ཐོག་མར་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་ཐོས་སྐབས་སེམས་འགུལ་ཤུགས་ཆེ་ཐེབས་བྱུང་། ངོས་ཀྱིས་རྒྱུན་དུ་ཁ་ནས་བྱམས་བརྩེ་བཤད་པ་ཙམ་ལས་ཉམས་མྱོང་ཐོག་ནས་ཁྱེད་ལྟར་བྱེད་ཐུབ་ཨེ་ཡོང་བསམ་པ་དྲན་བཞིན་འདུག ཁྱེད་ཀྱིས་འཁྲུག་རྩོད་ནང་ཚུད་པའི་བྱིས་པ་སྲུང་སྐྱོབ་ཚོགས་པ་བཙུགས་ནས་ཕྱག་ལས་དེ་འདྲ་གནང་བཞིན་པ་དེས་སྙིང་སྟོབས་ཇི་ཙམ་ཡོད་པ་གསལ་སྟོན་གནང་ཡོད།
ཁྱེད་ལ་ཉམས་མྱོང་གང་བྱུང་བ་དེས་༼ཁོང་བྱིས་པའི་སྐབས་བྱང་ཕྱོགས་ཨ་ཡིར་ལེན་ཌིར་ Northern Ireland ཡེ་ཤུ་རྣམ་དག་ཆོས་ལུགས་ Catholic དང་ཡེ་ཤུ་གསར་མ་ Protestant གཉིས་དབར་འཁྲུག་རྩོད་བྱུང་རྐྱེན་ཉིན་ཞིག་ཁོང་སློབ་གྲྭ་ནས་ཕྱིར་ནང་དུ་ལོག་ཕེབས་སྐབས་འཁྲུག་རྩོད་ཤོར་བཞིན་པའི་སྐབས་ཡིན་སྟབས་ཉེན་རྟོག་པ་ཞིག་གིས་མེ་མདའ་བརྒྱབ་ནས་ཁོང་གི་མིག་ལ་ཕོག་ནས་ལོང་བར་གྱུར།༽
ཁྱེད་ཀྱི་མི་ཚེར་འགྱུར་བ་བཏང་ཡོད། ཁོང་ཁྲོ་ཟ་རྒྱུའི་ཚབ་ཏུ་བྱམས་བརྩེའི་བློ་བསྐྱེས་པ་དེ་ནི་ངོ་མཚར་ལྡན་པ་ཞིག་རེད། བྱམས་བརྩེ་ནི་རང་གཞན་ཀུན་མཐུན་པའི་རྒྱུ་ཡིན། ཚན་རིག་པས་ཀྱང་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཡིན་སྐོར་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་ཐུབ་ཡོད། ཁོང་ཁྲོ་ཟ་ན་ལུས་པོའི་འཕྲོད་བསྟེན་ཡག་ཏུ་འགྲོ་རྒྱུ་རེད། ཅེས་སྨན་པ་སུས་ཀྱང་བརྗོད་ཀྱི་མ་རེད།
འཚེ་བས་ཞི་བདེ་བསྐྲུན་མ་ཐུབ། མིའི་དཀའ་ངལ་དེ་དག་མིའི་འདུ་ཤེས་གཞི་རྩར་འཛིན་ནས་སེལ་དགོས་པ་ཞིག་ཡིན། དེར་བརྟེན་ཕན་ཚུན་གུས་བརྩི་ལྡན་པའི་ཐོག་ནས་གྲོས་མོལ་རྒྱུད་དཀའ་ངལ་སེལ་ཏེ་ཞི་བདེ་བསྐྲུན་ཐབས་བྱེད་དགོས། ངོས་རང་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ European Union ལ་བསྔགས་བརྗོད་ཞུ་མཁན་ཞིག་ཡིན། རྒྱལ་ཁབ་བྱེ་བྲག་པའི་བསམ་བློ་ལས་སྤྱིའི་ཁེ་ཕན་གལ་ཆེ་བར་འཛིན་ནས་སྤྱི་པའི་སྒྲིག་འཛུགས་དེ་བྱུང་བ་རེད།
ཕྱོགས་གཞན་ནས་ཨ་རི་བ་ཚོ་གལ་ཆེ་ཤོས་ཡིན། American first ཞེས་པའི་འབོད་སྒྲ་དེ་དང་། པེ་རི་སིར་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཐོག་གྲོས་ཆོད་ Paris accord བཞག་པ་དེ་ནས་ཨ་རི་ཕྱིར་འཐེན་གནང་བ་དེར་ངོས་ལ་བསམ་ཚུལ་ཕྲན་བུ་ཡོད། ཉེ་ལམ་རང་བྱུང་གོད་ཆག་ཚབས་ཆེ་བྱུང་དང་འབྱུང་བཞིན་པ་དེ་དག་གིས་ང་ཚོར་བརྡ་ལན་ཞིག་གཏོང་བཞིན་ཡོད། གལ་ཏེ་ངོས་ཀྱིས་བཤད་པ་འདིར་ནོར་འཁྲུལ་འདུག་ན་དགོངས་སེལ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ།།
སང་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་པས་གོ་སྒྲིག་ཞུས་པའི་བསམ་བློའི་སློབ་གསོ་ ‘Educating the Heart’ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།
སྐུ་པར་མཐུན་འགྱུར་གནང་མཁན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།