ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཏ་ལིའི་པི་ས་ Pisa གྲོང་ཁྱེར་ནང་མང་ཚོགས་ལ་བཀའ་སློབ་དང་ནང་ཆོས་ནས་གསུང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་དང་ཚན་རིག་དབར་གྱི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་མཛད་འདུག
དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༠ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨི་ཏ་ལིའི་ Tuscany མངའ་སྡེའི་ Pisa གྲོང་ཁྱེར་ནང་སློབ་ཕྲུག་གཙོ་བོར་གྱུར་བའི་ཁྱོན་མི་གྲངས་ ༣༧༠༠ ལྷག་ལ་བཀའ་སློབ་བསྩལ་ཡོད། བཀའ་སློབ་དབུ་འཛུགས་མ་གནང་གོང་བླ་མ་གཙོང་ཁ་པ་ཆོས་ཚོགས་ཀྱི་ངེས་སྟོན་པ་དང་། གྲོང་ཁྱེར་སྤྱི་ཁྱབ་པ་བཅས་ཀྱིས་༧གོང་ས་མཆོག་ས་གནས་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ནས་༧གོང་ས་མཆོག་གིས་འགྲོ་བ་མི་སྤྱིའི་བདེ་དོན་སླད་དུས་རབས་ ༢༡ པའི་གཞོན་སྐྱེས་ཚོས་འགན་ཁུར་གང་འདྲ་བླང་དགོས་པའི་སྐོར་དང་། དཀྱིལ་ཤར་ཡུལ་གྲུ་དང་བྱང་ཨ་ཕི་རི་ཀའི་དཀའ་ངལ་མཚོན་པའི་ཡེ་མན་ནང་བྱིས་པ་ཚོར་བཀྲེས་སྐོམ་ཐེབ་པ་དང་། གཞན་ཡང་ལྷོ་ཤར་ཨེ་ཤི་ཡ་ནང་ཆགས་པའི་ནང་པའི་རྒྱལ་ཁབ་མ་ཡན་མར་ནང་ཁ་ཆེའི་མི་རིགས་ཚོ་དཀའ་ངལ་འཕྲད་བཞིན་པའི་སྐོར་དང་། ང་ཚོ་ལུས་ཀྱི་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་ལུས་བདེ་ཐང་ཡོང་བར་ལུས་པོའི་འཕྲོད་བསྟེན་སྐོར་ལ་སློབ་སྦྱོང་སྤྲོད་ཀྱི་ཡོད། ལུས་པོའི་འཕྲོད་བསྟེན་ཟེར་དུས་ལུས་ཀྱི་སྡུག་བསྔལ་ཉུང་བ་དང་། ནད་ན་ཚ་མི་ཡོང་བ། ལུས་བདེ་ཐང་ཡོང་སླད་སྨན་གྱི་མཐུན་རྐྱེན་མང་པོ་ཞིག་སྦྱར་བཞིན་ཡོད། ལུས་ཀྱི་བདེ་སྡུག་ནང་བཞིན་སེམས་ཀྱི་བདེ་སྡུག་ཡོད་པ་དང་། མི་ལ་ལུས་ཀྱི་བདེ་སྡུག་ལས་སེམས་ཀྱི་བདེ་སྡུག་ཕན་གནོད་ཤུགས་ཆེ་བ་ཡོད་པར་བརྟེན་སེམས་ཀྱི་བདེ་སྡུག་གི་འཕྲོད་བསྟེན་ལ་བསམ་བློ་གཏོང་དགོས།
ལུས་པོའི་བདེ་སྡུག་གི་འཕྲོད་བསྟེན་ང་ཚོས་གལ་ཆེན་པོར་བརྩི་བཞིན་ཡོད། དེ་འདྲ་ཡིན་ན་ལུས་ཚོར་གྱི་བདེ་སྡུག་ལས་སེམས་ཚོར་གྱི་བདེ་སྡུག་གི་ཕན་གནོད་ཤུགས་ཆེ་བ་ཡོད། དཔེར་ན། ལུས་ལ་ནད་ན་ཚ་བྱུང་བ་ཡིན་ནའང་སེམས་ལ་ཞི་བདེ་ཡོད་ཚེ་ལྷོད་ལྷོད་སྡོད་ཐུབ་པ་ཞིག་དང་། སེམས་ལ་དངངས་སྐྲག་དང་སྡུག་བསྔལ་ཡོད་ན་ལུས་ཀྱི་མཐུན་རྐྱེན་ཆ་ཚང་ཡོད་ནའང་སེམས་མ་སྐྱིད་པ་བྱས་ཏེ་སྡོད་དགོས་པ་ཞིག་ང་ཚོའི་མཐོང་ཆོས་རེད། སེམས་ཚོར་གྱི་བདེ་སྡུག་དེ་ལུས་ཚོར་གྱི་བདེ་སྡུག་ལས་ཚོར་བ་རྣོ་བ་ལྟ་བུ་དང་། གང་ལྟར་ཕན་གནོད་ཤུགས་ཆེན་པོ་ཡོད་པ་ཞིག་འདུག དེར་བརྟེན་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པས་ལུས་ཚོར་དང་སེམས་ཚོར་གྱི་བདེ་སྡུག་གཉིས་ལས་སེམས་ཚོར་གྱི་བདེ་སྡུག་ཤུགས་ཆེ་བ་ཡོད། དེར་བརྟེན་སེམས་ཀྱི་འཕྲོད་བསྟེན་ལ་བསམ་བློ་གཏོང་དགོས་ངེས་རེད། ཅེས་དང་།
གཞན་ཡང་དེང་དུས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོའི་དཔལ་འབྱོར་ལ་གཙིགས་ཆེར་འཛིན་བཞིན་ཡོད་པ་ལས་ནང་གི་བསམ་བློ་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་སོགས་རིན་ཐང་དེ་དག་སྣང་མེད་དུ་གཏོང་བཞིན་ཡོད་པར་བརྟེན། ད་ཆ་ང་ཚོས་ཤེས་ཡོན་ལམ་ལུགས་ཏོག་ཙམ་རྒྱ་ཆེ་རུ་བཏང་ནས་སློབ་ཚན་ནང་ཕྱི་དངོས་པོ་ཙམ་མིན་པར་ནང་གཤིས་རྒྱུད་དང་འབྲེལ་བའི་རིན་ཐང་གོང་མཐོར་གཏོང་ཐབས་ཆེད་འབད་བརྩོན་གནང་དགོས། གལ་ཏེ་བདེ་སྐྱིད་འདོད་ན་ཕྱི་དངོས་པོ་ལས་བྱུང་བའི་ལུས་ཀྱི་བདེ་བ་ཙམ་མིན་པར་ནང་སེམས་ཀྱི་བདེ་སྐྱིད་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་བཀའ་སློབ་སོགས་སྩལ་འདུག
ཕྱི་ཚེས་ ༢༡ ཉིན་རྒྱབ་ཏུ་ས་གནས་སུ་པི་ས་གཙུག་ལག་སློབ་གཉེར་ཁང་དང་བླ་མ་ཙོང་ཁ་པའི་ཆོས་ཚོགས་བཅས་ཐུན་མོང་གིས་གསོལ་འདེབས་དང་གོ་སྒྲིག་ཞུས་དོན་ལྟར་པི་ས་ཚོགས་ཁང་དུ་ནང་ཆོས་ནས་གསུང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་དང་ཚན་རིག་དབར་གྱི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཡོད། བགྲོ་གླེང་ལྷན་ཚོགས་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཀླད་ཁམས་དང་དངོས་ཁམས་རིག་པའི་ཚན་རིག་པ། ལྟ་གྲུབ་མཁས་པ། མགོན་པོ་༸གང་ཉིད་མཆོག་དང་ཐུགས་ཧ་ཅང་ཉེ་བའི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས། དེ་བཞིན་གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་དང་ས་གནས་མང་ཚོགས་བཅས་མཉམ་ཞུགས་གནང་འདུག
བགྲོ་གླེང་ལྷན་ཚོགས་དེ་བཞིན་ཕྱི་ཚེས་ ༢༠ དང་ ༢༡ བཅས་ཉིན་གྲངས་གཉིས་རིང་ཀླད་ཁམས་དང་ཚད་རྡུལ་ཕྲ་མོའི་དངོས་ཁམས་རིག་པའི་རྣམ་གཞག དེ་བཞིན་ནུབ་ཕྱོགས་པའི་ལྟ་གྲུབ་རྣམ་གཞག་བཅས་ཀྱི་སྐོར་བགྲོ་གླེང་ཚོགས་ཡོད། ཕྱི་ཚེས་ཚེས་ ༢༢ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལི་ནས་ལ་ཊི་ཝི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་རི་གྷ་ཟེར་བའི་ནང་་ཆིབས་ཞལ་སྒྱུར་ཡོད་པ་དང་། ཕྱི་ཚེས་ ༢༣ དང་ ༢༤ བཅས་ཉིན་གྲངས་གཉིས་རིང་ལ་ཏི་ཝ་ཡའི་ Latvia རྒྱལ་ས་རི་ག་ Riga ཞེས་པར་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་བཀའ་ཆོས་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་ཆོས་འབྲེལ་སྩལ་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་རྒྱལ་མཚམས་མེད་པའི་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས།།