༢༠༡༧ ཟླ་ ༨ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡ ཉིན་རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་ཧི་མཱ་ཅལ་དང་ལྡེ་ར་ལྡུན་མངའ་ཁོངས་བོད་མིའི་བཟོ་ཚོགས་ཁག་གི་ལས་དོན་བྱེད་ཕྱོགས་དང་བཟོ་ཚོགས་ཁག་ཚགས་ཆུད་ཡོང་ཐབས་བཅས་ཀྱི་སྐོར་ཟབ་སྦྱོང་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས། དྲུང་འཕར་ཀརྨ་ཆོས་དབྱིངས་ལགས། བཟོ་ཚོགས་ཁག་ ༡༢ ཀྱི་འགན་འཛིན་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། རྩིས་པ་སོགས་ཁྱོན་མི་གྲངས་ ༣༢ ཙམ་ལྷན་འཛོམས་ཀྱིས་ཐོག་མར་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་མཆོག་གིས་དབུ་འབྱེད་གསུངས་བཤད་གནང་དོན། ད་རེས་ཚོགས་འདུ་འདི་ཉིན་མ་གཉིས་རིང་གོ་སྒྲིག་ཞུས་ཡོད། ཚོགས་འདུ་གྲུབ་རྗེས་ས་གནས་སོ་སོར་ཕྱིར་ལོག་སྐབས་འདིར་བཀའ་བསྡུར་གང་བྱུང་བ་རྣམས་ལག་ལེན་ཐོག་མེད་པ་ཡིན་ན་ཚོགས་འདུ་ཚོགས་པའི་དོན་གོ་ཆོད་ཀྱི་མེད།
ང་ཚོས་དགོངས་པ་ཆེ་ཤོས་གང་བཞེས་ཀྱི་ཡོད་རེད། ཅེས་བརྗོད་པ་ཡིན་ན། ཕྱི་ལོ་ ༢༠༡༨ ལོར་ང་ཚོ་བཙན་བྱོལ་དུ་འབྱོར་ཏེ་ལོ་ ༦༠ ཧྲིལ་པོ་འཁོར་གྱི་ཡོད། བཀའ་ཤག་གི་ཕྱི་ལོ་ ༢༠༡༨ ལོ་དེ་བཀའ་དྲིན་རྗེས་དྲན་གྱི་ལོར་ངོས་འཛིན་ཞུས་ཡོད། བོད་མི་ཚོ་རྒྱ་གར་ནང་སླེབས་ནས་ལོ་ངོ་ ༦༠ རིང་རྒྱ་གར་གཞུང་མང་གཉིས་ནས་མཐུན་འགྱུར་ཧ་ཅང་བཟང་པོ་གནང་བ་དེ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་ཡོད།
འདས་པའི་ལོ་དྲུག་ཅུའི་གནས་སྟངས་ལ་ཕྱིར་མིག་ཅིག་ལྟ་ནས་གནས་སྟངས་གང་འདྲ་ཆགས་འདུག་དགོངས་པ་བཞེས་པ་ཡིན་ན། ང་ལྟ་བུ་ཡིན་ན། འདོད་པ་ཁེངས་ཀྱི་མེད། འདོད་པ་མ་ཁེངས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་སྐབས་ང་ཚོའི་མཛད་གཙོ་རྣམ་པས་དགོངས་པ་མ་བཞེས་པ་དང་འཆར་གཞི་མ་སྒྲིག་པ་གང་ཡང་མ་རེད། སྐབས་དེའི་གནས་སྟངས་ནི། ང་ཚོ་རྒྱ་གར་ནང་དེ་ཙམ་ཡུན་རིང་པོ་གནས་རྒྱུ་སུ་གཅིག་གི་བསམ་བློའི་ནང་མེད། ཟླ་བ་གཅིག་གམ་ལོ་གཅིག་ནང་ཁུལ་ལ་བོད་ལ་ཕྱིར་ལོག་འགྲོ་རྒྱུའི་འཆར་གཞི་མ་གཏོགས་རྒྱ་གར་ནང་ལོ་ལྔ་བཅུ་དྲུག་ཅུ་གནས་ཀྱི་རེད་སྙམ་པ་སུ་གང་གི་དགོངས་པའི་ནང་མེད། ལྔ་བཅུ་ང་གྲངས་ནང་མཛད་གཙོ་རྣམ་པས་ང་ཚོ་རྒྱ་གར་ནང་ལོ་ལྔ་བཅུ་གནས་རྒྱུར་དགོངས་པ་བཞེས་ནས་དེ་ལ་དཔག་པའི་འཆར་གཞི་བཀོད་ཐུབ་ཡོད་ན། བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་གནས་སྟངས་གང་ཙམ་ཁྱད་པར་ཆགས་ཀྱི་རེད་སྙམ་པ་དུས་རྒྱུན་དུ་ངའི་ཚོར་བའི་ནང་སླེབ་ཀྱི་ཡོད།
འདི་སྐྱོན་བརྗོད་གང་ཡང་མ་རེད། སྐབས་དེའི་གནས་སྟངས་ཁོ་རང་རྒྱ་གར་ནང་འདི་ལྟར་ཡུན་རིང་པོ་གནས་དགོས་ཀྱི་རེད་བསམས་པ་མེད་པའི་རྒྱུ་མཚན་གྱིས་འཕྲལ་སེལ་དགོས་མཁོ་བསྒྲུབ་རྒྱུའི་དོན་དུ་ལས་ཀ་བྱས་ནས་ལོ་ ༦༠ ཕྱིན་པ་རེད། འདས་པའི་ཉམས་མྱོང་ལས་ལེགས་ཆ་བླངས་ནས་ད་ལྟ་སྐབས་ ༡༥ པའི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཐབས་བྱུས་ཡོད། ལྔ་དང་ལྔ་བཅུའི་ཐབས་བྱུས་འདི་གང་རེད། ཅེ་ན། བཀའ་ཤག་གི་ལས་ཡུན་ལོ་ལྔ་རེད། ལོ་ལྔའི་རིང་ལ་བཟང་ཕྱོགས་ཀྱི་ཐོག་ནས་བོད་ལ་ལོག་རྒྱུའི་གནས་བབ་བྱུང་བ་ཡིན་ན། ང་ཚོར་དགོས་རྒྱུ་འདི་རེད།
ང་ཚོ་བཙན་བྱོལ་ནང་ཡོང་དགོས་དོན་ནི། བཟའ་རྒྱུ་འཐུང་རྒྱུ་མེད་པ་སོགས་ཀྱི་ཐོག་ནས་རྒྱ་གར་ནང་ལྟོ་གོས་ཀྱི་དོན་དུ་ཡོང་བ་ཞིག་མ་རེད། ང་ཚོ་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་རེད། ང་ཚོའི་ལུང་པ་འདི་འཐབ་རྩོད་བྱེད་ནས་བསྐྱར་ལེན་བྱེད་དགོས་པའི་ལས་འགན་ཧ་ཅང་ཆེན་པོ་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༢ ལ་ཕེབས་ཡོད། རྒྱ་ནག་གི་གནས་སྟངས་གང་འདྲ་ཆགས་ཡོད། བོད་ནང་ཡོད་པའི་བོད་མི་ས་ཡ་དྲུག་གིས་༸གོང་ས་མཆོག་གིས་དབུས་བཙན་བྱོལ་སྒྲིག་འཛུགས་ལ་རེ་བ་ཇི་ཙམ་ཞུ་བཞིན་ཡོད་པའི་གནས་སྟངས་དེ་དག་ཚང་མ་བརླགས་ནས་སོ་སོའི་ཉིན་རེའི་ལས་དོན་བསྒྲུབ་རྒྱུའི་དོན་དུ་མགོ་འཁོར་ནས་བསྡད་པ་ཡིན་ན། ང་ཚོ་ད་ལྟའི་མི་ཐོག་གིས་ཤུགས་རྒྱག་ནས་ད་ལྟ་འཚར་ལོང་བྱེད་བཞིན་པའི་གཞོན་སྐྱེས་རྣམས་ལ་མིག་དཔེ་བཟང་པོ་ཞིག་སྟོན་མ་ཐུབ་ན། མ་འོངས་པར་ལོ་ལྔ་བཅུ་དང་བརྒྱ་ཕྱིན་པའི་སྐབས་སུ་མི་ཐོག་འདིའི་རྗེས་སུ་འཚར་ལོང་ཡོང་མཁན་གྱི་མི་ཐོག་རྣམས་ནས་དེ་སྔའི་མི་རབས་ཚོས་བྱ་རྒྱུ་ཧ་ཅང་འདུག་ཀྱང་བྱེད་མི་འདུག ཅེས་བློ་ཕམ་ཆགས་དགོས་པའི་གནས་སྟངས་ཆགས་རྒྱུ་རེད། དེ་འདྲ་བྱུང་ན་ཧ་ཅང་ངོ་ཚ་བོ་རེད། དེ་ལྟར་མི་ཡོང་སླད་ང་ཚོས་དགོངས་པ་རྒྱ་ཆེན་པོ་བཞེས་དགོས་ཀྱི་འདུག ཅེས་དང་། དེ་བཞིན་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས་སྐོར་དང་། བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས་དང་གཞིས་ཆགས་སྲ་བརྟན་སླད་ས་ཞིང་སོགས་ཀྱི་ཡིག་ཆ་ཁག་བདག་གཉེར་ཡག་པོ་དགོས་པ་བཅས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།།