༢༠༡༧ ཟླ་ ༨ ཚེས་ ༤ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༧ ཚེས་ ༡༣ ནས་ཚེས་ ༢༥ བར་རྒྱ་གར་ལྷོ་ཕྱོགས་མེང་ལོར་ནང་རྟེན་གཞི་བྱས་པའི་མེང་ལོར་མཐོ་སློབ་དང་། བོད་མིིའི་གཞིས་ཆགས་སྦེལ་ཀོབ་ལུགས་བསམ་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་དང་། དགོན་སྡེ། སྦེང་ལོར་མཐོ་སློབ་བཅས་ཀྱི་གཟིགས་བསྐོར་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༢༥ ཉིན་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད།
དེ་ཡང་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མེང་ལོར་དུ་འབྱོར་འཕྲལ་ས་གནས་སུ་ལས་རིམ་དང་། དེ་རྗེས་ལས་རིམ་ལྟར་གོང་འཁོད་ས་གནས་གཞན་ཁག་ཏུ་འབྱོར་སྐབས་ས་གནས་ཀྱི་གནད་ཡོད་མི་སྣས་གཙོས་མི་མང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག
ཕྱི་ཚེས་ ༡༦ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་མེང་ལོར་གྲོང་ཁྱེར་ནང་གི་མཐོ་སློབ་སློབ་གཉེར་བ་རྣམས་དང་ཐུག་འཕྲད་གནང་བ་དང་། རིམ་བཞིན་ལས་རིམ་ལྟར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་ས་གནས་འགོ་འཛིན་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་། མཉམ་འབྲེལ་ལས་ཁུངས་དབུས་མ་དང་། མཉམ་འབྲེལ་གྱི་ལས་གཞི་ཁག སྤྱི་མཐུན་མཉམ་འབྲེལ་སྡེ་ཚན་ཁག ས་གནས་ཁྲིམས་ཞིབ་ཁང་། འཚོ་བྱེད་སྨན་ཁང་། ཕན་བདེ་དགའ་ཚལ་གླིང་ཀ་རུ་ན་སློབ་གྲྭ སམ་བྷོ་ཊའི་སློབ་གྲྭ་ཁག དབུས་ཉིན་སློབ་གྲྭ བོད་ཁྱིམ་སློབ་གྲྭ དགོན་སྡེ་ཁག སྐྱེས་ལྡན་སོ་ནམ། གཞུང་ཞབས་བགྲེས་ཡོལ་ལས་ཤག གསར་འབྱོར་སྡོད་གནས། ཀ་ཝི་རི་འཐུང་ཆུའི་ལས་གཞི། རྒས་གསོ་ཁང་། དེ་བཞིན་མེའི་སོར་ས་གནས། སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ། ནི་ལ་མངྒ་ལ་ལག་ཤེས་སྦྱོར་བརྡར་ཁང་། སྦེང་ལོར་བོད་ཀྱི་ཁྲོམ་ས་བཅས་ལ་གཟིགས་བསྐོར་དང་གནས་སྟངས་རྒྱུས་ལོན་གནང་ཡོད་འདུག དེ་བཞིན་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཁྱབ་ཁོངས་རིས་མེད་དགོན་སྡེ་ཁག་ལ་མཆོད་མཇལ་ཡང་ཕེབས་གནང་ཡོད་འདུག
ས་བགོས་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡ དང་། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༩ གནང་ཡོད་པ་དང་། ཐེངས་འདིའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྣམ་པ་གཉིས་ནས་གཙོ་བོ་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོ་དང་སྲིད་བྱུས། བོད་ཕྱི་ནང་གཉིས་ཀྱི་གནས་སྟངས། དེ་བཞིན་རྒྱ་ནག་དང་རྒྱལ་སྤྱིའི་གནས་བབ་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད་འདུག
དེ་བཞིན་སློབ་ཕྲུག་དང་། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཆེད་ཕར་ཕེེབས་ཚུར་འོང་ཐེ་བའི་ཉིན་གྲངས་ ༡༣ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་གནང་ཡོད་འདུག
ད་རེས་སྤྱི་འཐུས་རྣམ་གཉིས་ཕྱོགས་བསྐྱོད་ཕེབས་སྐབས་སུ་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོ་ནས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་ནས་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།