ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༠ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡ་དང་། མཱ་ལེ་ཤི་ཡ། སིང་ག་པུར། ཐའེ་ལན་ཌི། ཝེ་དི་ནམ་བཅས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དད་ལྡན་ཆོས་ཞུ་བ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་བཀའ་ཁྲིད་ཉིན་གཉིས་པའི་སྐབས་བཀའ་སློབ་སྩལ་དོན། སྲོག་ཆགས་སེམས་ལྡན་ཚང་མར་ཚོར་བ་བདེ་སྡུག་ཅིག་ཡོད་པའི་ཐོག་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་བཞིན་ལྷན་སྐྱེས་རེད། དེར་བརྟེན་ནཱ་ལེནྡྲའི་མཁས་པ་ཁག་གི་གསུང་དུ་རིགས་པ་བཞིའི་ནང་ནས་ཆོས་ཉིད་ཀྱི་རིགས་པ་ཞེས་པ་དེ་ཆགས་ཀྱི་ཡོད། ཕྱིའི་གཟུང་བ་ནང་འཛིན་པ། འཛིན་པའི་ཤེས་པ་ལ་ཚོར་བ་བདེ་སྡུག་ཡོད་པ་ཆོས་ཉིད་རེད། ཆོས་ཉིད་ཀྱི་རང་བཞིན་དེའི་ཐོག་ནས་བདེ་སྡུག་གཉིས་ལས་ཚོར་བ་བདེ་བ་ཡོང་རྒྱུ་ནི་ཡིད་ལ་སིམ་པ་ཡོང་བ་དང་། ཚོར་བ་སྡུག་བསྔལ་གྱིས་ཡིད་མི་བདེ་བ་ཡོང་བཞིན་པ་ནི་ཆོས་ཉིད་ཆགས་ཡོད། དེའི་བྱེད་ལས་ལྟ་བུའང་རེད། དེ་ལྟ་བུའི་ཚོར་བ་བདེ་སྡུག་ནི། རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པར་བརྟེན་ཆོས་ཉིད་ཀྱི་རིགས་པ་གཞི་ལ་བཞག་པའི་ཐོག་ནས་ལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ་བཅས་ཀྱི་ཐོག་ནས་དཔྱད་ཡོང་གི་ཡོད། དེ་གཞི་ལ་བཞག་སྟེ་བདེ་བ་འདོད་པ་ཡིན་སྟབས་བདེ་བའི་རྒྱུ་བཙལ་ནས་དང་དུ་ལེན་པ་དང་། སྡུག་བསྔལ་མི་འདོད་པ་ཡིན་པས་སྡུག་བསྔལ་གྱི་རྒྱུ་གང་ཡིན་པ་བཙལ་ནས་གང་ཐུབ་ཉུང་དུ་གཏོང་བ་ནི་འཐད་སྒྲུབ་ཀྱི་རིགས་པ་ཆགས་ཀྱི་ཡོད། དེ་ལྟ་བུའི་ཐོག་ནས་འཛམ་བུ་གླིང་འདིའི་སྟེང་གི་སྲོག་ཆགས་དུད་འགྲོ་འབུ་སྲིན་ཕྲ་མོ་ཚུན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ནི་རང་གི་ངང་གིས་ཡོད་པ་ཞིག་རེད།
ང་ཚོ་མི་ལ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ནི་རང་བཞིན་ལྷན་སྐྱེས་ཀྱིས་ཡོད་པའི་ཐོག་མི་ལ་ཀླད་པ་གཞན་དང་མི་འདྲ་བ་ཡོད་པར་བརྟེན་ཀླད་པའི་ནུས་པ་ཆོས་རབ་ཏུ་རྣམ་འབྱེད་ཅེས་བསམ་བློ་གཏོང་རྒྱུ་ཤུགས་ཆེན་པོ་ཡོད་སྟབས། དེ་དང་འབྲེལ་བའི་དྲན་པའང་ཤུགས་ཆེན་པོ་ཡོད་པ་དང་། དེ་འདྲའི་ཐོག་ནས་འདས་པའི་ལོ་རྒྱུས་དྲན་པའི་ཐོག་ནས་སེམས་ལ་ཆགས་སྡང་སྐྱེ་བ་དང་། མིའི་ཀླད་པས་རྣམ་དཔྱོད་ཀྱི་ཐོག་ནས་མ་འོངས་པའི་འབྱུང་འགྱུར་ལ་བསམ་བློ་བཏང་ནས་རེ་བ་དང་དོགས་པ་མང་པོ་ཞིག་གི་ཐོག་ནས་སེམས་ལ་བདེ་སྡུག་ཡོང་བཞིན་ཡོད། སྤྱིར་བཏང་ལུས་ཀྱི་སྡུག་བསྔལ་ཟེར་རྒྱུ་འདི་མི་འདོད་པ་དང་། ལུས་ཀྱི་འཕྲལ་སེལ་བདེ་བ་དོན་དུ་གཉེར་ནས་བདེ་བ་སྒྲུབ་རྒྱུ་ནི་དུད་འགྲོ་ཚོ་དང་གཅིག་མཚུངས་རེད་འདུག མི་ལ་བསམ་བློ་ཤུགས་ཆེན་པོ་ཡོད་པར་བརྟེན་བློ་ལ་བརྟེན་པའི་བདེ་སྡུག་ཧ་ཅང་ཤུགས་ཆེན་པོ་ཆགས་ཀྱི་ཡོད། འཛམ་གཌྷིང་འདིའི་སྟེང་སྲོག་ཆགས་འདྲ་མིན་མང་པོ་ཆགས་ནས་ལོ་ས་ཡ་མང་པོ་ཕྱིན་ཟིན་པ་རེད། ང་རང་ཚོ་མིའི་འགྲོ་བ་ཆགས་ནས་ཕལ་ཆེར་ལོ་ས་ཡ་ཁ་ཤས་ཕྱིན་ནམ། གང་ལྟར་འཛམ་གླིང་འདིའི་སྟེང་ཉི་མ་ཆགས་ནས་ཕལ་ཆེར་ལོ་ཐེར་འབུམ་ལྔ་ཙམ་ཡིན་པ་ཡོད། དེ་ནས་སྲོག་ཆགས་ཀྱི་རིགས་ཆགས་ནས་ལོ་ཐེར་འབུམ་བཞི་ཙམ་འགྲོ་སྐོར་བཤད་ཀྱི་ཡོད།
གས་ཐོར་ཆེན་པོ། Big Bang ཟེར་རྒྱུ་དེ་ག་དུས་བྱུང་བ་རེད་དམ། ཞེས་ན། དེ་ལ་ཚན་རིག་པའི་ནང་ནས་ཁ་ཤས་ཀྱིས་ཕལ་ཆེར་ཐེར་འབུམ་ ༡༢ གོང་ལ་ཡིན་པ་བཤད་ཀྱི་འདུག ལོ་ཤས་སྔོན་ངོས་རང་སུད་སི་རུ་ Sun ཞེས་འོད་ཀྱི་མགྱོགས་ཚད་སོགས་ལ་བརྟག་དཔྱད་བྱེད་སར་ཐེངས་ཞིག་སླེབས་སོང་། དེ་དུས་ཚན་རིག་པ་ཁ་ཤས་དང་ཐུག་པ་རེད། དེའི་ནང་ཨི་ཊ་ལི་ནས་ཡིན་པའི་ཚན་རིག་པ་ཞིག་གིས་ངོས་ལ་འགྲེལ་བཤད་རྒྱག་པའི་སྐབས་སུ་མིག་འབུར་ཚུགས་སུ་བལྟས་ནས་ Big Bang ལོ་ཐེར་འབུམ་ ༡༢ གོང་ལ་བྱུང་བ་རེད་ཅེས་བརྗོད་བྱུང་། དེ་རྗེས་རྒྱ་གར་མུམ་བྷེ་ས་གནས་སུ་ཚན་རིག་པ་མང་པོ་འཚོགས་པའི་སར་ཨ་རིའི་ཚན་རིག་པ་ཞིག་གིས་ཐེར་འབུམ་ཉི་ཤུ་རྩ་གྲངས་ཤིག་སོང་ཡོད་པ་བཤད་སོང་། དེ་དེག་གོ་བ་དང་ཚན་རིག་པ་ཁོ་རང་ཚོ་ཡང་ཏན་ཏན་རང་མི་འདུག་དྲན་བྱུང་།
གས་ཐོར་ཆེན་པོ་བྱུང་ནས་ཕལ་ཆེར་ལོ་ཐེར་འབུམ་ ༡༥ སྐོར་བཤད་ཀྱི་མེད་དམ། ཉི་མ་འཆར་ནས་ཐེར་འབུམ་ ༥ དང་། དེ་ནས་རིམ་བཞིན་བརླན་གཤེར་ཡར་སླེབས་ཏེ་སྲོག་ཆགས་ཀྱི་རིགས་ཆགས་ནས་ལོ་ཐེར་འབུམ་ ༤ ཙམ་འགྲོ་བཞིན་ཡོད། དེ་ལྟར་འཛམ་གླིང་འདི་ཆགས་ནས་དེའི་ནང་གི་སྲོག་ཆགས་རིགས་ཚང་མ་རིམ་བཞིན་རྡུལ་ཕྲ་རབ་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་ཐུབ་པའི་མཚམས་ལ་སླེབས་སྐབས་སེམས་ཅན་སྲོག་ཆགས་བྱུང་བ་རེད། ངོས་ཀྱིས་ཚན་རིག་པ་རེ་འགའ་ལ་སྐད་ཆ་དྲིས་མྱོང་། ས་རྡོ་རི་བྲག་ཆགས་པའི་རྡུལ་ཕྲ་རབ་དང་ང་ཚོའི་ཤ་རུས་ཀླད་པ་ཆགས་པའི་རྡུལ་ཕྲ་རབ་གཉིས་ལ་ཁྱད་པར་ཡོད་པ་རེད་དམ། ཞེས་འདྲི་སྐབས་ཁྱད་པར་མེད་ཅེས་བཤད་མྱོང་། འཛམ་གླིང་ཐོག་མ་ཆགས་པའི་སྐབས་སམ་དེང་སང་གི་སྐད་དུ་གས་ཐོར་ཆེན་མོ་ཐོག་མ་བྱུང་བའི་སྐབས་སུ་རྡུལ་ཕྲ་རབ་རིགས་གཅིག་གིས་རྣམ་ཤེས་ཀྱི་རྟེན་བྱེད་ཐུབ་པ་དང་། རྡུལ་ཕྲ་རབ་རིགས་གཅིག་གིས་རྣམ་ཤེས་ཀྱི་རྟེན་བྱེད་མི་ཐུབ་པ་དེ་དུས་ཕལ་ཆེར་ཡོད་ས་མ་རེད། རྡུལ་ཕྲ་རབ་མང་པོ་འདུས་ནས་རིམ་བཞིན་རྣམ་ཤེས་ཀྱི་རྟེན་བྱེད་མཁན་ཞིག་དང་མི་བྱེད་མཁན་ཞིག་ཆགས་ཏེ་དེ་ལྟར་སྲོག་ཆགས་བྱུང་བ་བཤད་རྒྱུ་རེད། དེར་བརྟེན་ང་ཚོའི་མངོན་པ་མཛོད་ནང་དུ་མ་འོངས་པ་ན་ཚེ་ལོ་བཅུ་དང་མགོ་སྟོད་ཚེ་ལོ་དཔག་མེད་ཅེས་གསུངས་ཡོད་པ་དེ་ནི་ཏག་ཏག་རང་བཤད་ཐུབ་རྒྱུ་ཁག་པོ་རེད།
ཐོག་མ་ཁམས་གོང་མ་ཞིག་ནས་སེམས་ཅན་མར་སླེབས་པ་དང་། དེ་དུས་ཏིང་ངེ་འཛིན་གྱི་འཚོ་བ་དང་། དེ་ནས་ས་ཞག་ཟོས་ཏེ་རིམ་བཞིན་དབང་པོ་དོད་ནས་ཁང་པ་བརྩིགས་པ་སོགས་ཀྱི་སྐད་ཆ་བཤད་ཀྱི་ཡོད། དེ་ཕལ་ཆེར་ཁས་ལེན་ཐུབ་རྒྱུ་ཁག་པོ་རེད། སྐབས་རེར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་འདྲེན་བཞི་པ་སོགས་ཚེ་ལོ་བརྒྱད་ཁྲི་དང་དྲུག་ཁྲི། བཞི་ཁྲི་ཟེར་རྒྱུ་དེ་ཚོའི་གྲས་ཏག་ཏག་འགྲོ་གི་ཡོད་མེད་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག གང་ལྟར་མིའི་འགྲོ་བ་ཆགས་ནས་རིམ་བཞིན་མིའི་བསམ་བློ་ཐོག་ནས་བདེ་སྡུག་མང་པོ་ཡོང་བ་ཞིག་རེད། ང་རང་ཚོར་ལུས་དང་སེམས་གཉིས་ཡོད་པ་ལས་ལུས་ལ་བརྟེན་པའི་བདེ་སྡུག་ནི་ཕལ་ཆེར་དུད་འགྲོ་དང་འདྲ་བོ་རེད། སེམས་ལ་བརྟེན་པའི་བདེ་སྡུག་དེ་མི་ལ་ཧ་ཅང་ཤུགས་ཆེན་པོ་རེད། གང་ཡིན་ཞེ་ན་བསམ་བློ་གཏོང་རྒྱུ་ཧ་ཅང་མང་པོ་ཡོད་པར་བརྟེན་དྲན་པ་ཡང་ཤུགས་ཆེ་བ་ཡོད་སྟབས། ནམ་རྒྱུན་ངོས་ནས་བཤད་བཞིན་ཡོད། ང་ཚོ་ལུས་ཀྱི་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་ལུས་བདེ་ཐང་ཡོང་བར་ Hygiene of Physical health ཟེར་རྒྱུ་དེ་ཚོའི་གྲས་ལུས་པོའི་འཕྲོད་བསྟེན་སྐོར་ལ་སློབ་སྦྱོང་སྤྲོད་ཀྱི་ཡོད། ལུས་པོའི་འཕྲོད་བསྟེན་ཟེར་དུས་ལུས་ཀྱི་སྡུག་བསྔལ་ཉུང་བ་དང་། ནད་ན་ཚ་མི་ཡོང་བ། ལུས་བདེ་ཐང་ཡོང་སླད་སྨན་གྱི་མཐུན་རྐྱེན་མང་པོ་ཞིག་རིམ་བཞིན་འགྲོ་བ་མིའི་རྙེད་ཡོང་གི་ཡོད། ལུས་ཀྱི་བདེ་སྡུག་ནང་བཞིན་སེམས་ཀྱི་བདེ་སྡུག་ཡོད་པ་དང་། མི་ལ་ལུས་ཀྱི་བདེ་སྡུག་ལས་སེམས་ཀྱི་བདེ་སྡུག་ཕན་གནོད་ཤུགས་ཆེ་བ་ཡོད་པར་བརྟེན་སེམས་ཀྱི་བདེ་སྡུག་གི་འཕྲོད་བསྟེན་ལ་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག ངོས་ཀྱིས་ hygiene of emotion དགོས་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད།
ལུས་པོའི་བདེ་སྡུག་གི་འཕྲོད་བསྟེན་ང་ཚོས་གལ་ཆེན་པོར་བརྩི་བཞིན་ཡོད། དེ་འདྲ་ཡིན་ན་ལུས་ཚོར་གྱི་བདེ་སྡུག་ལས་སེམས་ཚོར་གྱི་བདེ་སྡུག་གི་ཕན་གནོད་ཤུགས་ཆེ་བ་ཡོད། དཔེར་ན། ལུས་ལ་ནད་ན་ཚ་བྱུང་བ་ཡིན་ནའང་སེམས་ལ་ཞི་བདེ་ཡོད་ཚེ་ལྷོད་ལྷོད་སྡོད་ཐུབ་པ་ཞིག་དང་། སེམས་ལ་དངངས་སྐྲག་དང་སྡུག་བསྔལ་ཡོད་ན་ལུས་ཀྱི་མཐུན་རྐྱེན་ཆ་ཚང་ཡོད་ནའང་དཔར་མ་སྐྱིད་པ་བྱས་ཏེ་སྡོད་དགོས་པ་ཞིག་ང་ཚོའི་མཐོང་ཆོས་རེད། སེམས་ཚོར་གྱི་བདེ་སྡུག་དེ་ལུས་ཚོར་གྱི་བདེ་སྡུག་ལས་ཚོར་བ་རྣོ་བ་ལྟ་བུ་དང་། གང་ལྟར་ཕན་གནོད་ཤུགས་ཆེན་པོ་ཡོད་པ་ཞིག་འདུག དེར་བརྟེན་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པས་ལུས་ཚོར་དང་སེམས་ཚོར་གྱི་བདེ་སྡུག་གཉིས་ལས་སེམས་ཚོར་གྱི་བདེ་སྡུག་ཤུགས་ཆེ་བ་ཡོད། དེར་བརྟེན་སེམས་ཀྱི་འཕྲོད་བསྟེན་ལ་བསམ་བློ་གཏོང་དགོས་ངེས་རེད། སེམས་ཀྱི་བདེ་སྡུག་སྐོར་ལ་བསྐལ་བ་ཡ་ཐོག་ནས་དོ་སྣང་སླེབས་ཡོད་སྟབས་སེམས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་པའི་སྐབས་སུ་རེ་བ་བཅོལ་ས་ཆོས་ཟེར་རྒྱུ་ཞིག་བྱུང་བ་རེད། དེ་ནས་རིམ་བཞིན་འཇིག་རྟེན་བཀོད་པ་པོ་འདོད་མཁན་སོགས་ལྟ་གྲུབ་ཀྱི་རིགས་དེ་དག་སེམས་ཀྱི་འཕྲོད་བསྟེན་སྐོར་ཆགས་ཀྱི་ཡོད། མཁྱེན་སོང་ངམ།
ངོས་ཀྱིས་ནམ་རྒྱུན་ཆོས་ཞེས་པ་ནི་མིའི་ཆོས་རེད་མ་གཏོགས་དུད་འགྲོར་ཆོས་བཤད་རྒྱུ་གང་ཡང་མི་འདུག་ཅེས་བརྗོད་ཀྱི་ཡོད། ལྷ་དང་ལྷ་མ་ཡིན་སོགས་བཤད་རྒྱུ་ཡོད་ཀྱང་ཏག་ཏག་འགྲོ་མིན་མི་ཤེས། གང་ལྟར་ང་ཚོའི་མཐོང་ཆོས་ལ་ཡོད་པའི་འཛམ་གླིང་འདིར་ཆོས་ཟེར་རྒྱུ་ནི་མིའི་སྤྱི་ཚོགས་ནང་དུ་འདུག་མ་གཏོགས་སྤྱི་ཚོགས་གཞན་གྱི་ནང་མེད་པར་བརྟེན་མིའི་བསམ་བློའི་ནང་དུ་དཀའ་ངལ་ཆེན་པོ་འཕྲད་དེ་སོ་སོས་སྟངས་འཛིན་བྱེད་རྒྱུའོ་ཚད་ལས་བརྒལ་ཡོང་དུས་ཡིད་ཆེས་བྱས་ཏེ་སྐྱབས་ཡོད་རེད། དཀོན་མཆོག་ཡོད་པ་རེད། ལྷ་ཡོད་པ་རེད་ཅེས་འགྲོ་བཞིན་ཡོད། གཉིས་ནས་མིའི་ལྷན་སྐྱེས་རང་བཞིན་ཁ་སང་ཞུས་པ་ལྟར་བྱམས་བརྩེ་ནི་མིའི་ལྷན་སྐྱེས་ཀྱི་རང་བཞིན་ཡིན་སྟབས། ཆོས་ལུགས་ཚང་མ་མིའི་ཆོས་ལུགས་ཡིན་པར་བརྟེན་ཆོས་ལུགས་ཚང་མས་བྱམས་བརྩེ་ཟེར་རྒྱུ་ནི་གལ་ཆེན་པོ་ཡིན་པ་གསུང་གི་འདུག ལུས་པོའི་འཕྲོད་བསྟེན་ནང་བཞིན་སེམས་ཀྱི་འཕྲོད་བསྟེན་ལ་བསམ་བློ་གཏོང་སྐབས་ལུས་པོའི་འཕྲོད་བསྟེན་ནི་གཟུགས་ཅན་གྱི་རྟེན་ནས་ནད་ན་ཚ་དང་། ནད་འབུ་ཕྲ་རབ་ཀྱི་ཐོག་ནས་གནས་ཡོང་གི་ཡོད། དེ་སེལ་ཐབས་ཀྱང་རྫས་ཀྱི་རིགས་འདྲ་མིན་བཟས་ནས་འགྱུར་བ་གཏོང་རྒྱུ་བྱེད་ཀྱི་ཡོད། སེམས་ཀྱི་སྡུག་བསྔལ་ཟེར་རྒྱུ་ནི་སེམས་ཁོ་རང་གི་སྟེང་ནས་ཡོང་བ་དང་། རྣམ་རྟོག་གི་སྟེང་ནས་ཡོང་བ་ཞིག་ཡིན་སྟབས་གཉེན་པོ་ཡང་དེ་ག་རང་ལ་བསྟེན་ནས་ཡོང་རྒྱུ་རེད་མ་གཏོགས་སྨན་བཟའ་ནས་ཕན་ཐོགས་རྒྱུ་མི་འདུག དཀོན་མཆོག་ལ་ཡིད་ཆེས་དང་དད་པ་བྱས་པས་ཕན་གྱི་ཡོད། འོན་ཀྱང་ད་དུང་དེ་མིན་པའི་ཐབས་ཤེས་གང་ཡོད་བསམ་བློ་གཏོང་དགོས།
སྤྱིར་རྒྱ་གར་གྱི་ཆོས་ལུགས་ཚོས་སྒོམ་རྒྱག་རྒྱུ་གསུང་གི་ཡོད་པར་བརྟེན་བློའི་རྣམ་གཞག་མང་པོ་ཞིག་རྒྱ་གར་གྱི་ཆོས་བརྒྱུད་ཚོའི་ནང་ལ་ཐོན་བཞིན་ཡོད། དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་བརྒྱུད་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། བཅོམ་ལྡན་འདས་རང་གིས། བདག་ཉིད་བདག་གི་མགོན་ཡིན། ཞེས་གསུངས་ཡོད། ང་རང་ཚོ་སེམས་ཅན་རང་རང་སོ་སོའི་མགོན་སྐྱབས་བྱེད་མཁན་སོ་སོ་རེད། སོ་སོའི་སེམས་དུལ་ན་རང་ལ་བདེ་སྐྱིད་ཡོང་བ་དང་སེམས་མ་དུལ་ན་སངས་རྒྱས་ཀྱི་སྐྱོབ་ཐུབ་ཀྱི་མ་རེད་ཅེས་གསུང་གི་འདུག ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། ། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ། ཞེས་ཐུགས་རྗེའི་བདག་ཉིད་སངས་རྒྱས་ཀྱིས་སེམས་ཅན་གྱི་སྡུག་བསྔལ་ཕྱག་གིས་སེལ་ཐུབ་ཀྱི་མ་རེད། སྡུག་བསྔལ་གྱི་རྒྱུ་སྡིག་པ་ལྟ་བུར་ཆ་བཞག་ན་ཆུ་ཡིས་འཁྲུ་རྒྱུ་མེད། སངས་རྒྱས་བཅོམ་ལྡན་འདས་ཁོང་གི་ཐུགས་རྒྱུད་ལ་ཡོད་པའི་རྟོགས་པའི་ཡོན་ཏན་དེ་ང་ཚོར་མར་སྦྱིན་ནས་གསོལ་རས་གནང་རྒྱུ་ཡོང་རྒྱུ་མེད། འོ་ན། སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་ཇི་ལྟར་གནང་གི་ཡོད་རེད་ཅེ་ན། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ། ཞེས་གང་ལྟར་སྡུག་བསྔལ་དེ་རང་རང་གི་སེམས་མ་འདུལ་བའི་ཆ་ནས་སྡུག་བསྔལ་ཡོང་གི་ཡོད། སེམས་འདུལ་ཐབས་བྱེད་རྒྱུའི་སྐོར་གསུང་གི་ཡོད། སངས་རྒྱས་པའི་ཆོས་ཀྱི་ནང་དུ་འཇིག་རྟེན་བཀོད་པ་པོ་ལྟ་བུ་ཕྱི་ལོགས་ཞིག་ནས་བདེ་སྡུག་ཞུ་ས་གང་ཡང་མེད་པར་སོ་སོས་བསམ་བློ་གཏོང་དགོས། དེར་བརྟེན་ང་ཚོ་རང་རང་སོ་སོས་སེམས་མ་སྐྱིད་པ་ཇི་ལྟར་ཡོང་གི་ཡོད་པ་དེ་བཙལ་ནས་སེམས་མ་སྐྱིད་པ་ཡོང་བའི་ལྡོག་ཕྱོགས་སམ་གཉེན་པོའི་ཕྱོགས་གང་ཡིན་པ་དེ་བཙལ་ནས་ཤེས་པ་བྱེད་དགོས། དེ་ལྟར་བྱས་ཏེ་སེམས་ཀྱི་བདེ་སྐྱིད་སྒྲུབ་དགོས་ཀྱི་ཡོད། གང་ལྟར་སེམས་ཀྱི་བདེ་སྡུག་གི་ཚོར་བ་ཤུགས་ཆེན་པོ་ཡོད་པ་དེ་དག་འགྲོ་སྟངས་ཇི་ལྟར་ཡིན་པ་ཤེས་དགོས། ནུབ་ཕྱོགས་པའི་མཁས་པ་ཁ་ཤས་ཀྱིས་སངས་རྒྱས་པའི་ཆོས་ནི་ཨིན་ཇིའི་ཚིག་ Religion ཟེར་རྒྱུ་དེ་མ་རེད། སངས་རྒྱས་པའི་ཆོས་ནི་ Science of Mind རེད་ཅེས་གསུང་མཁན་འདུག འདི་བདེན་པ་ལྟ་བུ་རེད། ནང་ཆོས་ཟེར་དུས་གད་ལྟར་སེམས་ལ་བཟོ་བཅོས་རྒྱག་རྒྱུ་ཞིག་དང་། བཟོ་བཅོས་དེ་ཡང་སྨོན་ལམ་བརྒྱབ་ནས་སེམས་བཟོ་བཅོས་རྒྱག་པ་མིན་པར། ཆོས་རབ་དུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་ནས་བློ་ནང་གི་སྐྱོན་གྱི་རིགས་དེ་དག་རྒྱུ་དང་རྐྱེན་ཇི་ལྟར་ཡོང་གི་ཡོད་པ། དེ་ཚོའི་གྲས་རྩད་གཅོད་ཧ་ཅང་བཏང་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།།