ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣ ཉིན་གྱི་སྔ་དྲོ་ཚོུད་ ༩༌༣༠ ཐོག་སྡེ་ར་ལྡུན་ས་ཁུལ་དུ་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་སྐབས་དགུ་པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༧ ནས་ཚོགས་མི་ ༡༥ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་ཀརྨ་བསྟན་འཛིན་ལགས་དང་ཚོགས་གཞོན་འཆི་མེད་ཚེ་རིང་ལགས་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག
ས་གནས་འཐུས་ཚོགས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། གོང་ཚེས་ཉིན་རྒྱབ་ཚོུད་ ༢༌༣༠ ཐོག་ས་གནས་ཁྲིམས་ཞིབ་པས་ས་འཐུས་སྐབས་ ༩ པའི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམས་དང་། ས་གནས་འགོ་འཛིན་དང་ལས་དྲུང་། ས་གནས་ཁྲིམས་དྲུང་། ས་གནས་སྤྱི་མི་དང་བརྒྱ་དཔོན་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འཐུས་མི་རྣམ་པ། ས་གནས་སཾ་བྷོ་ཊ་སློབ་གྲྭའི་དགེ་སློབ་རྣམ་པ། དེ་བཞིན་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་མི་མང་བཅས་ཁྱོན་མི་གྲངས་ ༧༠ ཙམ་འདུ་འཛོམས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཅའ་ཁྲིམས་དགོངས་དོན་མང་གཙོ་ཀ་བ་གསུམ་སོ་སོའི་འགན་དབང་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ། ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་བ་དང་། སྐབས་མཚམས་དྲི་བ་ལ་ལན་འདེབས་གནང་འདུག་པ་བཅས།།