༢༠༡༧ ཟླ་ ༨ ཚེས་ ༤ རེས་གཟའ་པ་སངས།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཉེ་ཆར་ནིའུ་ཡོག་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་གི་ཚོགས་ཁང་དུ་བསྐོང་ཚོགས་གནང་བའི་ “ལིའུ་ཞའོ་པོ་ལ་རྗེས་དྲན་དང་ཁོང་གི་ཤུགས་རྐྱེན།” ཞེས་པའི་བགྲོ་གླེང་ཚོགས་འདུར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ནས་མགྲོན་འབོད་གནང་བ་ལྟར་ལྷན་ཚོགས་སུ་ཕེབས་ནས། ལིའུ་ཞའོ་པོ་དང་བོད། ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
དེ་ཡང་སྐབས་དེར་ཁོང་གིས་ལིའུ་ཞའོ་པོ་ཐོག་མར་བོད་པ་དང་འབྲེལ་བ་བྱུང་ཚུལ་དང་། བོད་དོན་ལ་དོ་སྣང་སླེབ་སྟངས། རྗེས་སུ་བོད་དོན་སྐོར་རྩོམ་ཡིག་སྤེལ་ཚུལ་ཙམ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་རང་དབང་དང་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཞའོ་པོ་དམ་པ་མཆོག་ལ་སྔ་རྗེས་སུ་རྒྱབ་སྐྱོར་ཇི་ལྟར་མཛད་པ་དང་། དམ་པ་ཁོང་གི་བྱས་རྗེས་ལ་ཐུགས་བརྩེའི་གཟིགས་པ་ཆེན་པོ་ཇི་ལྟར་མཛད་ཚུལ་སྐོར་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ནས་ཞིབ་ཕྲ་གསུངས།
ཐེངས་འདིར་བགྲོ་གླེང་ཚོགས་འདུ་དེར་མཉམ་ཞུགས་གནང་མཁན་རྒྱ་རིགས་མང་གཙོ་དང་རང་དབང་འཐབ་རྩོད་པ་སྐུ་ཞབས་ཡང་ཅན་ལི་ (Yang Jianli) དང་། སྐུ་ཞབས་ཧུའུ་ཕིང་།(Hu Ping) རུང་ཝེ་(Rong Wei) སོགས་ལས་རིགས་འདྲ་མིན་ཐོག་རྒྱ་རིགས་མཁས་དབང་ཚོས་ཀྱང་སོ་སོའི་ལྟ་ཕྱོགས་དང་། རྒྱུས་མངའི་ཐོག་ནས་སྐུ་ཞབས་ལིའུ་ཞའོ་པོ་དམ་པ་ཁོང་གི་རྒྱུན་གཤིས་དང་། སློབ་སྦྱོང་བྱེད་པའི་རྒྱུད་རིམ།
དེ་བཞིན་དམ་པ་ཁོང་གི་ལྟ་བ་ལངས་ཕྱོགས་སོགས་ཀྱི་སྐོར་གསུང་ཞིང་། བགྲོ་གླེང་གི་བར་མཚམས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་སྔ་སྐུ་ཞབས་ལིའུ་ཞའོ་པོ་དམ་པ་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་ཆེད་རྒྱབ་སྐྱོར་མཛད་པའི་དངོས་ཡོད་གནས་ཚུལ་དང་། སྐུ་ཞབས་ལིའུ་ཞའོ་པོ་དགོངས་པ་རྫོགས་རྗེས་བོད་མི་ནང་པ་ཚོས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་སྦྲགས། མཆོད་འབུལ་སྨོན་ལམ་གསུང་འདོན་གནང་བ་སོགས་བཅོས་མིན་གྱི་སེམས་ཚོར་མངོན་གསལ་ཐོན་པ་དེར་གཟུ་གནས་རྒྱ་རིགས་རྣམས་ཀྱི་བསམ་བློའི་ནང་རང་བཞིན་གྱིས་ཚོར་བ་དམིགས་བསལ་བ་ཞིག་བྱུང་བའི་སྐོར་རྒྱ་རིགས་མཉམ་ཞུགས་གནང་མཁན་ཚོས་གསུངས།།