༢༠༡༧ ཟླ་ ༨ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ཀ་ལབ་ཧོ་སི་ Club House རུ་འཕྲོད་བསྟེན་ཁྱབ་ཁོངས་ས་གནས་སྨན་ཁང་ཁག་ ༡༢ ཀྱི་སྨན་ཞབས་པ་དང་། སློབ་གྲྭ་ཁག་ ༢༡ གྱི་མདུན་ལམ་སློབ་སྟོན་པ་དང་དགེ་རྒན། དེ་བཞིན་སྨན་ཞབས་པ་བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༥༠ ཙམ་ལ་ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད།
དེ་ཡང་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། འཕྲོད་བསྟེན་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས། India Expression གྱི་ཁྱད་ལས་མི་སྣ་ཨུ་མར་ཤར་མ་ Umar Sharma ལགས་དང་རི་ཏུ་ཤར་མ Ritu Sharma ལགས། དེ་བཞིན་མི་ནུ་ཨ་གྷར་ལྦལ Menu Agarwal ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་གཅིག ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོགས་བཅར་བ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་བསྟུན་འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། གཞི་རྩའི་འཕྲོད་བསྟེན་ལས་ཁུངས་ནས་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་ལ་ནད་རིགས་སྔོན་འགོག་གཙོ་བོར་གྱུར་བའི་སྨན་བཅོས་རོགས་སྐྱོར་དང་དབང་པོ་སྐྱོན་ཅན། འཐུང་ཆུ་དང་གསང་སྤྱོད། དེ་བཞིན་ཁོར་ཡུག་གཙང་བཟོ་སོགས་ད་བར་ལས་གཞི་མང་དག་སྤེལ་བཞིན་ཡོད། དེ་རིང་རྣམ་པ་ཚོ་འདིར་འདུ་འཛོམས་གནང་དགོས་དོན་ནི། ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་ཟབ་སྦྱོང་གནང་རྒྱུ་རེད། གཞི་རྩའི་འདས་པའི་ལོ་འགའ་ཤས་ནང་དེ་སྔ་ལས་གཞི་འདི་དང་འབྲེལ་བ་ཡོད་པའི་དཔེ་དེབ་དེ་འདྲ་རིམ་པ་གཉིས་ཙམ་པར་སྐྲུན་གྱིས་འགྲེམས་སྤེལ་ཞུས་ཡོད། དེ་བཞིན་ཤེས་རིག་ལས་ཁུངས་ནས་ཟབ་སྦྱོང་དེ་འདྲ་གོ་སྒྲིག་ཞུས་པ་དང་བསྟུན་ནས་འབྲེལ་ཡོད་སློབ་གྲྭའི་རྒན་ལགས་དང་རྒན་བདག་རྣམ་པ་ཚོ་གོ་སྐབས་ཞུས་ནས་དེ་རིང་ནང་བཞིན་ཞིབ་ཚགས་པོ་འགྲོ་མ་ཐུབ་པ་ཡིན་ནའང་སྐབས་དང་དུས་ལ་དུས་ཐུང་གི་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་དེ་འདྲ་ང་ཚོས་ཞུས་ཡོད།
དེ་རིང་གི་ཟབ་སྦྱོང་འདི་འཕྲོད་བསྟེན་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཡོད་པའི་ལས་གཞི་རྒྱ་ཆེ་བ་ཞིག་ཆགས་ཡོད། དེ་ཡང་རྒྱལ་སྤྱིའི་འགྲོ་སྟངས་དང་བསྟུན་ནས་ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་ཐོག་ལ་ཞུ་དགོས་རྒྱུའི་གནས་སྟངས་ཆགས་ཡོང་སྟབས། ཛ་དྲག་གི་སྨན་བཅོས་དང་སྤྱི་ཚོགས་ནང་ལ་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་པའི་ནད་གཞི་ཀྲི་སྦི་མཚོན་པའི་གཉེན་ནད་རེག་དུག མཆིན་པའི་གཉེན་ཚད་དང་ཁྲག་ཤེད། དེ་བཞིན་ཅི་ནི་ནད་གཞི་བཅས་ང་ཚོའི་སྤྱི་ཚོགས་ལ་དཀའ་ངལ་འཕྲད་པའི་ནད་གཞི་ལྔ་དྲུག་ཙམ་ཡོད། དེ་དག་གི་ཐོག་ལ་ང་ཚོས་ཤུགས་སྣོན་རྒྱག་ནས་སྔོན་འགོག་བྱས་ཏེ་ལས་འགུལ་སྤེལ་དང་སྤེལ་མུས་རེད། འོན་ཀྱང་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་དེ་སྔ་ནས་མ་དང་བྱིས་པའི་འཕྲོད་བསྟེན་ཐོག་ཤུགས་རྒྱག་བཞིན་ཡོད།
དེ་བཞིན་བུད་མེད་འཕྲོད་བསྟེན་ཐོག་ལའང་ཤུགས་རྒྱག་བཞིན་ཡོད། དེ་ནས་ལང་ཚོ་དར་བབས་གཞོན་སྐྱེས་ཚོར་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་ལས་འགུལ་སྤེལ་དགོས་ཀྱི་ཡོད་སྟབས། གཞི་རྩའི་འཕྲོད་བསྟེན་ལས་ཁུངས་ལ་ཆ་བཞག་ན་འདིའི་ཐོག་ལ་དེ་ཙམ་གྱིས་ཤུགས་རྒྱག་ཐུབ་མེད། དེབ་འགྲེམས་སྤེལ་ཞུ་རྒྱུ་དང་། སློབ་གྲྭ་ཁག་འདུ་འཛོམས་ཀྱིས་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་ཞུས་པ་མ་གཏོགས་དེ་མིན་ཞུས་མེད། ད་རེས་ལས་འགུལ་སྤེལ་བའི་ནང་ནས་ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་འདི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་དང་། གོ་རྟེགས་སྤེལ་རྒྱུའི་ལས་རིམ་རིང་ཤོས་དང་རྒྱས་ཤོས་ཆགས་བཞིན་ཡོད།
ད་རེས་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། གཞོན་སྐྱེས་ཚོ་ལ་འཕྲོད་བསྟེན་གྱི་ཐོག་གོ་རྟོགས་དགོས་རྒྱུའི་ལས་རིམ་ཞིག་ཆགས་ཡོད། དེ་ཡང་རྣམ་པ་ཚོའི་བརྒྱུད་ནས་འབྲེལ་ཡོད་སློབ་གྲྭ་སོ་སོའི་ནང་གོ་རྟོགས་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་India Expression གྱི་ཁྱད་ལས་མི་སྣ་ཨུ་མར་ཤར་མ་ལགས་ཀྱིས་ India Expression ཞེས་པའི་ཚོགས་པ་དེའི་ལས་དོན་ངོ་བོ་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གསུང་བཤད་གནང་དོན། རྩ་བའི་རྣམ་པ་ཚོའི་ཐུགས་ལའང་ཡོད་ངེས་རེད། གོ་ཐོས་ལ་ང་རང་ཚོའི་སྤྱི་ཚོགས་ནང་འཕྲོད་བསྟེན་ལས་ཁུངས་དང་། དེ་བཞིན་ལྷན་ཁང་གཞན་ཁག་ནས་ཚོགས་རྒྱུ་མང་པོ་ཞིག་འདུག་པ་དེས་རྒྱུན་ལྡན་གྱི་ཕྱག་ལས་ཐོག་དོ་ཕོག་མང་པོ་འགྲོ་གི་འདུག་ཅེས་བཀའ་ཕེབས་ཀྱི་འདུག འོན་ཀྱང་དུས་ཀྱི་དགོས་མཁོ་དང་འཚམས་པའི་གནས་སྟངས་འོག་གོམ་པ་མདུན་སྐྱོད་མ་བྱེད་ན། སྔར་ལྟར་མུ་མཐུད་འགྲོ་བ་ཡིན་ན། གསར་དུ་གདོང་ལེན་བྱེད་དགོས་པའི་གནད་དོན་མང་པོ་ཞིག་ལ་རྣམ་གཡེང་ཤོར་བ་ཡིན་ན། འབྱུང་འགྱུར་གྱི་དུས་ཚོད་ནང་སྤྱི་སྒེར་ཡོངས་ལ་དོ་ཕོག་འགྲོ་རྒྱུའི་གནས་སྟངས་ཆགས་བཞིན་ཡོད། དེ་འདྲའི་ཐོག་ནས་རྣམ་པ་ཚོར་ཡང་ཡང་འདིར་གདན་ཞུ་དགོས་པའི་གནས་སྟངས་ཆགས་ཡོད།
དེ་རིང་གི་འདུ་འཛོམས་འདིར་རྣམ་པ་ཚོ་ཚང་མ་་གདན་འདྲེན་ཞུས་ནས་གནད་དོན་འདིའི་ཐོག་བགྲོ་གླེང་ཡོང་རྒྱུ་མ་ཟད། མ་འོངས་པར་ས་གནས་ཀྱི་བབ་ལ་གཞིགས་པའི་མཁས་དབང་ཁག་ས་གནས་ས་ཐོག་ཏུ་ཕེབས་ཐུབ་མིན་ཐོག་དགོངས་པ་བཞེས་རྒྱུ་ཞིག་ཆགས་ཡོད། དེ་རིང་གི་ཟབ་སྦྱོང་འདི་གལ་ཆེ་དོན་ཆེན་བརྩིས་ནས་ལས་དོན་ཆེ་བཞག་ཆུང་བསྐྱུར་གྱིས་རྣམ་པ་ཚོ་འདིར་ཕེབས་པ་དང་། ལས་དོན་གལ་ཆེན་པོ་མང་པོ་ཡོད་པ་དེ་དག་ཚང་མ་ཟུར་དུ་བཞག་ནས་གཞོན་སྐྱེས་ཀྱི་ལང་ཚོ་དར་བའི་འཕྲོད་བསྟེན་དེ་ཉིད་གནད་འགག་ཆེན་པོ་བརྩིས་ནས་དེ་རིང་འདིར་ཕེབས་པ་དང་། གནད་དོན་འདི་གལ་ཆེ་དོན་ཆེན་དུ་བརྩིས་ནས་མཉམ་ཞུགས་གནང་བར་དགའ་བསུ་དང་འཚམས་འདྲི་ཞུ་འདོད་བྱུང་།
སྤྱིར་འཕྲོད་བསྟེན་ལས་ཁུངས་སུ་མ་དང་བྱིས་པའི་འཕྲོད་བསྟེན་གྱི་ཚན་པ་ཞིག་ཡོད། དེའི་ཐོག་སྤྱིར་འཛམ་གླིང་གི་འགྲོ་སྟངས་ལ་མ་དང་བྱིས་པའི་འཕྲོད་བསྟེན་དང་མཉམ་དུ་གཞོན་སྐྱེས་འཚར་ལོངས་བྱས་པའི་འཕྲོད་བསྟེན་ཡང་འབྲེལ་བ་ཆགས་ཡོད། རྩ་བའི་གཞོན་སྐྱེས་དར་བ་དང་འཚོ་བའི་འཕྲོད་བསྟེན་ཐོག་འཕྲོད་བསྟེན་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་དང་སློབ་གྲྭ་ཆེ་ཁག་གི་སྡེ་ཁག་རྣམ་པའང་ཐད་ཀར་འབྲེལ་བ་ཆགས་ཡོད། དེར་བརྟེན་འཕྲོད་བསྟེན་ལས་ཁུངས་ཀྱི་མ་དང་བྱིས་པའི་འཕྲོད་བསྟེན་གྱི་ཚན་པས་དེའི་ཐོག་ཞིབ་འཇུག་དང་འབྲེལ་བ་གནང་རྒྱུ། དེ་བཞིན་ཤེས་རིག་དང་འཕྲོད་བསྟེན་བཀའ་བློན་དབུ་བཞུགས་ཐོག་ཟུར་དུ་བཀའ་བསྡུར་བྱུང་བ་བཞིན། ལས་གཞི་འདི་ཉིད་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་ཁོངས་འགྲོ་དགོས་པའི་ཐག་གཅོད་བྱུང་བའི་ཐོག་ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་དང་མཉམ་ཞུགས་གནང་རྒྱུ་མོས་མཐུན་བྱུང་བ་ཞིག་ཆགས་ཡོད།
མིའི་ལང་ཚོ་ཐོག་མ་དར་བའི་སྐབས་སུ་སོ་སོའི་འཕྲོད་བསྟེན་དང་ངོ་བོ་ཡིན་ནའང་རེད། ཚོར་བ་གང་འདྲ་ཡོད་པ་ཡིན་ནའང་དེ་དག་ཚང་མ་ Physical and Emotional development ཐོག་ནས་ཡོང་བཞིན་ཡོད། འདི་སྲ་བརྟན་བཟོ་ཐུབ་པ་ཞིག་དང་། བཟང་ཕྱོགས་སུ་ཁྲིད་ཐུབ་རྒྱུར་སྐབས་བབ་ཀྱི་ལས་འགན་ང་ཚོ་ཚང་མར་ཡོད། རྣམ་པ་ཚོ་ཚང་མས་མཁྱེན་ངེས་རེད། ལོ་ ༡༠ ནས་ ༡༩ བར་གྱི་ཕྲུ་གུ་རྣམས་ལ་དོ་སྣང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དོ་སྣང་གནང་བའི་ཐོག་ཕྲུ་གུ་ཟེར་བ་འདི་ཕྲུ་གུའི་སྣང་བ་ཡོད་སྟབས། བྱེད་སྟངས་ཚང་མ་ང་ཚོའི་བསམ་བློ་དང་མ་མཐུན་པ། ང་ཚོའི་བསམ་ཚུལ་དང་མ་རན་པ་དེ་འདྲ་ཡོང་གི་རེད། འོན་ཀྱང་ཅིའི་ཕྱིར་དེ་འདྲ་ཡོང་གི་ཡོད་མེད་དང་། ཁོ་རང་ལ་ཚོར་བ་གང་འདྲ་ཡོད་མེད། ཕྲུ་གུ་འཚར་ལོངས་བྱེད་པའི་སྐབས་ལ་ནང་གི་གནས་སྟངས་གང་འདྲ་ཡོང་གི་ཡོད་མེད། དེ་དག་ཚང་མ་ང་ཚོས་བསམ་བློ་གུ་ཡངས་པོའི་ཐོག་ནས་དགོངས་པ་བཞེས་དགོས་རྒྱུའི་གནས་སྟངས་ཆགས་ཀྱི་ཡོད།
དེ་བཞིན་རང་ཉིད་མགོ་སྐོར་སླུ་ཁྲིད་འོག་འགྲོ་བའི་གནས་སྟངས་དེ་སྔ་དང་མི་འདྲ་བར་མང་དུ་འགྲོ་བཞིན་ཡོད་པར་བརྟེན། ང་ཚོ་ཚང་མས་གཟབ་གཟབ་དང་ཐུགས་སྣང་གནང་དགོས། དེར་བརྟེན་ལས་གཞི་འདིའི་ཐོག་ལ་ཤུགས་རྒྱག་དགོས་རྒྱུའི་གནས་སྟངས་ཆགས་བཞིན་འདུག དེ་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྣམ་པ་ཚོ་གཅིག་པུས་ཐུབ་རྒྱུ་མེད། ལས་དོན་ཆེ་ཕྲ་ཆུང་གསུམ་གང་ཡིན་ནའང་ཚང་མས་མཉམ་རུབ་མ་བྱེད་ན་ལས་དོན་ལམ་ལྷོངས་འགྲོ་རྒྱུ་དང་། ལས་དོན་འདི་མཇུག་སྐྱོང་རྒྱུ་ཡོང་གི་མི་འདུག དེར་བརྟེན་དེ་རིང་གོ་སྐབས་འདིའི་བརྒྱུད་ནས་ཞུ་རྒྱུར་མང་ཚོགས་ནས་ཀྱང་སོ་སོའི་ཕྲུ་གུར་ལྟ་སྐྱོང་བྱེད་རྒྱུས་མཚོན་ཕྲུ་གུར་དངུལ་སོགས་སྤྲོད་ཕྱོགས་ཐད་དོ་སྣང་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་གོང་དུ་ཞུས་པ་ལྟར་མགོ་སྐོར་སླུ་ཁྲིད་འགྲོ་རྒྱུའི་རྐྱེན་ཟེར་ནའང་འདྲ་རྒྱུ་ཟེར་ནའང་འདྲ། འདྲ་མིན་སྣ་ཚོགས་མང་པོ་ཞིག་དེང་སང་གི་དུས་ཚོད་ལ་ཡོད། དྲ་ལམ་གྱི་ཐོག་ནས་བཟང་ངན་གཉིས་ཀར་མཐོང་རྒྱུ་ཡོད། དེར་བརྟེན་དེ་འདྲའི་གནས་སྟངས་ཐོག་ལ་ཕ་མ་དང་སྤུན་གཉེན་ཡིན་ནའང་རེད། ཚང་མས་དོ་སྣང་དང་ལམ་སྟོན་གནང་དགོས་རྒྱུ་ གནད་འགག་ཆེན་པོ་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་བཅས། །