ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༤ རེས་གཟའ་པ་སངས།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦་༤༠ ཐོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་འབྱོར་སྐབས་ལུགས་བསམ་དང་བདེ་སླར་གཉིས་ཀྱི་བོད་མིའི་ས་གནས་འགོ་འཛིན་གྱིས་གཙོས་གཞིས་ཆགས་གཉིས་ཀྱི་ལས་སྣེ་རྣམས་ནས་རྒྱལ་སྒོ་ཨ་མར་དར་དཀར་གྱིས་ཕེབས་བསུ་ཞུས་ཏེ་མགྲོན་ཁང་དུ་གདན་འདྲེན་ཞུས། དགོང་དྲོའི་ཞལ་ལག་ཨི་ཊ་ལིའི་ Vimala Association ཪོགས་ཚོགས་ཀྱི་འགན་འཛིན་དང་ཚོགས་མི་གསུམ་ལྷན་དུ་འཚོ་བྱེད་སྨན་ཁང་ནས་གོ་སྒྲིག་ལྟར་འཕྲོད་བསྟེན་ཐོག་རོགས་སྐྱོར་གནང་ཕྱོགས་སྐོར་བཀའ་བསྡུར་གནང་།
ཕྱི་ཉིན་སྔ་དྲོ་མེ་སོར་དུ་ཡོད་པའི་རྒྱ་གར་གཞུང་གི་ཟས་རིགས་ཉམས་ཞིབ་ལྟེ་གནས་ཁང་ནས་དམིགས་སུ་བཀར་ནས་ཕེབས་པའི་ Dr Deepa Prakesh, Department of Biochemistry དང་། ཁོང་གི་ལས་རོགས་དང་ཐུག་འཕྲད་ཀྱིས་རང་རེའི་སྤྱི་ཚོགས་ཀྱི་ཟས་བཅུད་གནས་སྟངས་དང་། དེའི་ཐོག་གོ་རྟོགས་སྤེལ་རྒྱུའི་ཐོག་བཀའ་བསྡུར་གནང་། ད་རེས་ལྷོ་གཞིས་ཁག་ལ་ཕེབས་རིང་དུས་ཁོམ་བྱུང་ཚེ་ལྟེ་གནས་ཁང་དུ་ཕེབས་རོགས་ཞུས།
དེ་ནས་སེར་ར་བྱེས་སྨད་གཉིས་དང་། ཡན་ལག་སྨན་རྩིས་ཁང་། རྣམ་གྲོལ་གླིང་གི་འཕྲོད་བསྟེན་སྨན་ཁང་། བདེ་སླར་གྱི་རྐང་རྩེད་པོ་ལིའི་རྩེད་ཐང་གསར་པའི་ལས་འཆར་དང་། འཕྲོད་བསྟེན་གྱི་འཚོ་བྱེད་སྨན་ཁང་བཅས་སུ་གཟིགས་སྐོར་ཐུགས་ཞིབ་གནང་། རེས་གཟའ་ཉི་མའི་ཉིན་བཀྲིས་ལྷུན་པོའི་དགོན་པར་གནས་གཟིགས་དང་སྨན་ཁང་ལ་གཟིགས་སྐོར་གནང་། དེ་ནས་ཕན་བདེ་དགའ་ཚལ་གླིང་ Karuna Home for children with special needs ཞེས་པའི་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་གཟིགས་སྐོར་དང་། དེ་རྗེས་བཀའ་བརྒྱུད་དགོན་པར་གནས་གཟིགས་དང་དགོན་པའི་སྨན་ཁང་ལ་གཟིགས་སྐོར་གནང་།
དེ་རྗེས་སེ་ར་བླ་སྤྱིའི་ཐེག་ཆེན་གླིང་གི་འདུ་ཁང་དུ་བྱེས་སྨད་གཉིས་ཀྱི་མཁན་ཚབ་དང་། ཚོགས་ཆེན་དབུ་མཛད། དགེ་བསྐོས་གཉིས། ཕྱག་མཛོད་གཉིས། འཕྲོད་བསྟེན་དྲུང་ཆེ། འཕྲོད་བསྟེན་གྱི་འཆར་འགོད་ལས་བྱེད། ལྷོ་སྤྱི། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན། དགེ་འདུན་པ་ཞལ་གྲངས་ཉི་སྟོང་ལྷག་འདུ་མཛོམས་ཐོག་བཀའ་ཤག་གི་ལྟ་གྲུབ་གསུམ་དང་། ལྔ་དང་ལྔ་བཅུའི་ཐབས་བྱུས། ལྷན་ཁང་ཁག་གི་ངོ་སྤྲོད་སྙིང་བསྡུས་དང་ལས་འཆར་གལ་ཆེ་ཁག་ངོ་སྤྲོད་དང་། ལྷག་པར་ནད་རིགས་སྔོན་འགོག་ཐོག་ཆིག་སྒྲིལ་གྱི་ནུས་པ་དགོས་གལ་དང་། རྒྱུན་དུ་འཕྲོད་བསྟེན་ལ་ཡིད་གཟབ་དང་ཟས་སྤྱོད་ལ་ཐུགས་སྣང་དགོས་གལ། བཅོས་ཐབས་ལས་སྔོན་འགོག་གལ་ཆེ་ཡིན་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་།
དེ་ནས་ཕྱི་ཉིན་སྔ་དྲོ་ཆུ་ཚོད་ ༡༠ པར་ལུགས་ཟུང་བསམ་གྲུབ་གླིང་གི་མཉམ་འབྲེལ་ཚོགས་ཁང་ནང་ལུགས་བདེ་གཉིས་ཀྱི་ས་གནས་མི་མང་དང་ལྷན་དུ་ཚོགས་འདུ་ཚོགས། སྐབས་དེར་འཕྲོད་བསྟེན་དྲུང་ཆེ་དང་། ལས་འཆར་སྡེ་ཚན་གྱི་ལས་བྱེད། ལྷོ་སྤྱི། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་གཉིས། བདེ་སྐྱིད་སླར་གསོའི་མཉམ་དྲུང་། ལུགས་ཟུང་བསམ་གྲུབ་གླིང་གི་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། འཚོ་བྱེད་སྨན་ཁང་གི་འགན་འཛིན་དང་མི་མང་བཅས་པར་གསུང་བཤད་གནང་དོན་གཙོ་ཁག་ནི། བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཐབས་བྱུས་དང། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོའི་ལྟ་གྲུབ། ཨ་རིའི་རོགས་སྐྱོར་གྱི་ལས་གཞི་ཁག ལྷན་ཁང་སོ་སོའི་ངོ་སྤྲོད་དང་ལས་གཞི་གལ་ཆེ་ཁག འཕྲོད་བསྟེན་ཐོག་ཐུགས་སྣང་དགོས་རྒྱུ་བཅས་དང་། ཉིན་རྒྱབ་ཆུ་ཚོད་ ༢ པར་སྨན་ཁང་གི་ཚོགས་ཁང་ནང་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་འདུ་ཚོགས། དེར་ས་གནས་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་མི་རྣམས་དང་། སེ་ར་བྱེས་སྨད། བཀྲིས་ལྷུན་པོ། རྣམ་གྲོལ་གླིང་བཅས་དགོན་སྡེ་ཁག་བཞིའི་འཕྲོད་བསྟེན་དང་འབྲེལ་བའི་ཕྱག་མཛོད་དང་འཕྲོད་བསྟེན་གྱི་འགན་འཛིན་བཅས་ཀྱི་སར་ས་གནས་འཕྲོད་བསྟེན་གྱི་ཚོགས་ཆུང་གལ་ཆེ་ཡིན་སྐོར་དང་། ས་གནས་འཕྲོད་བསྟེན་གྱི་གནས་སྟངས་ཡར་རྒྱས་གཏོང་ཐབས་སུ་བཀའ་བསྡུར་གནང་།
དེ་རྗེས་ཆུ་ཚོད་ ༥ ཐོག་རྣམ་གྲོལ་གླིང་གི་འདུ་ཁང་ནང་མཁན་པོ་དང་། ཕྱག་མཛོད། དགེ་བསྐོས་ཀྱིས་གཙོས་དགེ་འདུན་པ་གྲངས་ ༡༠༠༠ མ་ཟིན་ཙམ་ལ་བཀའ་ཤག་གི་ཕྱག་ལས་དང་། ལྟ་གྲུབ། རང་ཁ་རང་གསོ། ལྔ་དང་ལྔ་བཅུའི་ཐོག་ཚོགས་ཆེན་ཚོགས་འཆར། བཀའ་ཤག་གི་དགོངས་གཞིའི་འོག་ལྷན་ཁང་ཁག་གི་ངོ་སྤྲོད་དང་། ལས་དོན་ངོ་སྤྲོད་སྙིང་བསྡུས་རེ། ལྷག་པར་ཊི་སྦི་དང་། མཆིན་པའི་གཉན་ཚད། གཟུགས་པོ་བརྟག་དཔྱད་དགོས་སྐོར་བཅས་སོགས་ཀྱི་གསུང་བཤད་གནང་།
ཕྱི་ཉིན་སྔ་དྲོའི་ཆུ་ཚོད་ ༩་༣༠ ཐོག་དཔལ་ས་སྐྱ་དགོན་པའི་ཚོགས་ཁང་མདུན་དུ་འབྱོར་སྐབས་འབྲེལ་ཡོད་ནས་དར་དཀར་གྱིས་བསུས་ཏེ་ཚོགས་ཁང་ནང་བཀྲིས་ལྷུན་པོ་དང་། བཀའ་བརྒྱུད་དགོན་ཁག་གཉིས། ས་སྐྱ་བཅས་ཀྱི་དགེ་འདུན་པ་གྲངས་ ༥༠ ཙམ་འདུ་འཛོམས་ཐོག་གསུང་བཤད་གནང་སྙིང་དུ། ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༣ པའི་ནང་༸གོང་ས་མཆོག་གིས་འཕྲོད་བསྟེན་ཐོག་བཀའ་སློབ་ལྕི་པོ་ཕེབས་པ་དང་། འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་དང་འབྲེལ་ཡོད་རང་རེའི་སྤྱི་ཚོགས་ནང་གི་ཚན་པ་ཡོངས་རྫོགས་ཀྱི་ཚོགས་ཆེན་བསྐོངས་ཚོགས་ཞུས་པའི་སྙན་ཐོ། བཀའ་ཤག་ནས་བསྐོ་གཞག་གནང་བའི་ཆེས་མཐོའི་ནད་རིགས་སྔོན་འགོག་ཚོགས་ཆུང་གི་སྙན་ཐོ། མང་གཙོའི་ཀ་བ་གསུམ་གྱི་སྐོར། དེའི་ནང་ནས་འཛིན་སྐྱོང་བཀའ་ཤག་དང་དེའི་འོག་གི་བློན་ཆེན་ལས་ཁུངས་བདུན། ལྔ་དང་ལྔ་བཅུའི་ཐབས་བྱུས་འོག་ཆིག་སྒྲིལ་དང་རང་ཁ་རང་གསོ། གསར་གཏོད་བཅས་ཀྱི་ལྟ་གྲུབ། འཕྲོད་བསྟེན་ལས་ཁུངས་ལ་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་ཁག་ལ་ཁྱད་ལས་པའི་ཞིབ་འཇུག་སྙན་ཐོ། ལས་གཞི་ཆེ་ཁག འཕྲོད་བསྟེན་གྱི་གནས་བབ་གལ་ཆེ་ཡིན་སྐོར་དང་དེ་ལ་ཚང་མས་མཉམ་ཞུགས་དགོས་གལ། དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་ཐོག་གསུང་བཤད་གནང་།
དེ་རྗེས་ CST སློབ་གྲྭར་འབྱོར་སྐབས་འབྲེལ་ཡོད་ནས་དར་གྱིས་བསུས་ནས་སློབ་གྲྭའི་ཚོགས་ཁང་ནང་སློབ་གྲྭ་དེ་དང་ CVP སློབ་གྲྭ་གཉིས་ཀྱི་སློབ་ཕྲུག་རྒན་པ་དང་དགེ་ལས་འཛོམས་ཐོག་བདེ་སླར་གསུང་བཤད་གནང་སྙིང་དུ་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ། འཕྲོད་བསྟེན་གལ་ཆེ་ཡིན་སྐོར། བཙན་གཡེམ་ལ་བཟོད་སྲན་རྩ་བ་ནས་མེད་སྐོར། སློབ་སྦྱོང་བྱ་རྒྱུའི་འགན། མི་རིགས་ལ་ཞབས་ཞུ། དགེ་རྒན་དང་སློབ་མའི་དམ་ཚིག བཙན་བྱོལ་སྤྱི་ཚོགས་ནང་སྐུ་ལུས་མེ་མཆོད་མ་དགོས་པར་སློབ་སྦྱོང་ལ་དོ་སྣང་ཐོག་ལས་འགུལ་སྣ་མང་ཡོད་ལུགས། དེ་ནས་ཧིན་སྐད་ཐོག་རྒྱ་གར་དགེ་ལས་ཚོར་ཐུགས་རྗེ་ཆེ་བཅས་ཀྱི་གསུང་བཤད་གནང་།
དེ་རྗེས་གཞིས་གྲོང་དང་པོར་ཡོད་པའི་རྒྱ་གར་གཞུང་གི་སྨན་ཁང་ཆུང་ངུ་དེར་གཟིགས་སྐོར་གནང་།དེ་ནས་ཆུ་ཚོད་ ༢་༤༠ ཐོག་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་འཛིན་རིམ་དགུ་པ་ཡན་གྱི་སློབ་ཕྲུག་ཆ་ཚང་དང་། དགེ་ལས་འཛོམས་སར། མ་འོངས་འགན་འཁུར་ཞུ་བདེའི་སླད་མདུན་ལམ་ཆེད་གྲ་སྒྲིག་ཞུ་རྒྱུར་དོ་སྣང་དགོས་སྐོར་དང་། ཤེས་རིག་ལས་ཁུངས་ནས་ཕྱི་རྒྱལ་དུ་སློབ་སྦྱོང་གི་གོ་སྐབས་གནང་གི་ཡོད་པ་ཤེས་གལ། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་ཁག་ངོ་སྤྲོད། ༸རྒྱལ་བའི་བཀའ་དྲིན། སྤྱི་ཚོགས་ལ་ཕན་མཁན་གྱི་སྐྱེ་བོ་ཞིག་བྱ་དགོས་སྐོར། རང་དབང་ལུང་པར་ཆ་རྐྱེན་ཆ་ཚང་ཡོད་སྟབས་བྱ་བ་མཐའ་མ་དེ་འདྲ་ལག་བསྟར་བྱ་ན་འགྲིག་མིན་སྐོར། རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་མི་འབོར་ཉུང་སྐྱོན་བཅས་ཀྱི་ཐོག་གསུང་བཤད་གནང་།
དགོང་དྲོའི་ཆུ་ཚོད་ ༦་༣༠ ཐོག་སེ་ར་བྱེས་སྨད་དང་། རྣམ་གྲོལ་གླིང་། བཀྲིས་ལྷུན་པོ་བཅས་ཀྱི་སྨན་ཁང་འགན་འཛིན་རྣམ་པ་དང་། འཕྲོད་བསྟེན་དྲུང་ཆེ། འཕྲོད་བསྟེན་འཆར་འགོད་ལས་བྱེད། ལྷོ་སྤྱི། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན། འཚོ་བྱེད་སྨན་ཁང་འགན་འཛིན་དང་སྨན་པ་བཅས་ཟུར་ཚོགས་ཀྱི་ཆེས་མཐོའི་ནད་རིགས་སྔོན་འགོག་ཚོགས་ཆུང་གི་སྙན་ཐོ་དགོངས་དོན་ས་གནས་སུ་སྨན་ཁང་ཁག་བརྒྱད་ཙམ་ཡོད་ཀྱང་གཞི་རིམ་གྱི་མཐུན་རྐྱེན་ཙམ་ལས་མེད་པའི་དགོངས་ཚུལ་གོང་གསལ་སྨན་ཁང་ཁག་གི་འགན་འཛིན་རྣམ་པར་ཡང་ཡོད་སྟབས་འབྱུང་འགྱུར་སྨན་ཁང་གི་ལས་འཆར་ཐོག་དགོན་ཁག་སོ་སོར་བཀའ་བསྡུར་གྱིས་དགོངས་ཚུལ་གནང་གལ་གྱི་ལམ་སྟོན་གསུང་བཤད་གནང་།
དེ་རྗེས་ཆུ་ཚོད་ ༧ པར་ལུགས་བདེ་གཉིས་ཀྱི་ས་འགོ་དང་། མཉམ་འབྲེལ། འཚོ་བྱེད་སྨན་ཁང་བཅས་ནས་དགོན་སྡེ་ཁག་གི་འཕྲོད་བསྟེན་འགན་འཛིན་རྣམ་པ་དང་། སྨན་ཁང་འགན་འཛིན། ཕྱོགས་བཞུགས་སྤྱི་འཐུས། ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཡུལ་མི་གསུམ། ལུགས་བདེ་གཉིས་ཀྱི་ལས་སྣེ་རྣམ་པ་བཅས་ལ་དགོང་དྲོའི་གསོལ་ཚིགས་གོ་སྒྲིག་ཞུས་འདུག་པ་དེར་ཐུགས་རྗེ་ཆེའི་གསུང་བཤད་གནང་།
ཕྱི་ཉིན་ཞོག་པ་ཆུ་ཚོད་ ༧ པར་ལུགས་བདེ་གཉིས་ཀྱི་ལས་སྣེ་རྣམས་ནས་དར་དཀར་གྱིས་ཕེབས་བསྐྱེལ་དང་སྦྲགས་སེར་བྱེས་ཡིད་དགའ་ཆོས་གླིང་མགྲོན་ཁང་ནས་འཐོན་ནས་མེ་སུར་དུ་ཡོད་པའི་རྒྱ་གར་གཞུང་གི་ཟས་རིགས་ཉམས་ཞིབ་ལྟེ་གནས་ཁང་དུ་ཕྱག་ལས་གནང་བཞིན་པའི་མཁས་པ་ Dr. Deepa Prakesh ལགས་ནས་གདན་ཞུས་ལྟར་བཅར་ནས་ཁོ་མིའི་སྡེ་ཚན་འགན་འཛིན་ནས་ལྟེ་གནས་ཁང་གི་ངོ་སྤྲོད་སྙིང་བསྡུས་ཤིག་གནང་། དེ་རྗེས་ཁོ་མོ་དང་འབྱུང་འགྱུར་ལས་དོན་ཞུ་ཕྱོགས་སྐོར་བཀའ་བསྡུར་གནང་།
ལྟེ་གནས་ཁང་དེ་ནས་འཐོན་རྗེས་ལྷོ་སྤྱི་ལས་ཁང་དུ་དགོང་དྲོའི་ཆུ་ཚོད་ ༣་༤༥ ཙམ་ལ་འབྱོར། དེ་རྗེས་སྦེང་ལོར་ཁུལ་དུ་རང་རིགས་འཕྲོད་བསྟེན་ཚོགས་ཆུང་ཞིག་འཛུགས་འཆར་ལྟར་དེའི་འབྲེལ་མཐུད་པ་དང་། དེ་སྔ་རྡ་སར་ལས་ཁུངས་སུ་ངོ་བཅར་བྱུང་བའི་ Cancer ཚོགས་པ་ཞིག་འཛུགས་མཁན་བཅས་ཁོང་གཉིས་དང་ཐུགས་འཕྲད་ཀྱིས་ལས་དོན་ཞུ་ཕྱོགས་བཀའ་བསྡུར་གནང་། ཕྱི་ཉིན་སྔ་དྲོའི་ཕྱག་ཚོད་ ༧ ལྷོ་སྤྱི་ལས་ཁུངས་ནས་འཕྲོད་བསྟེན་བཀའ་བློན་མཆོག་མོན་གྷོ་བིོད་མིའི་གཞིས་ཆགས་སུ་ཕེབས་འཐོན་གནང་བ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།།