༢༠༡༧ ཟླ་ ༨ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་ཀྱིས་སྣེ་འཁྲིད་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གནང་བཞིན་ཡོད་པ་ལྟར།ཕྱི་ཚེས་ ༣༡ ནས་ད་བར་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ཆབ་སྲིད་ཚོགས་པ་ཁག་མི་འདྲ་བ་ ༡༣ ཡི་གྲོས་ཚོགས་འཐུས་མི་ ༢༩ དང་། (Independent Member) དང་བླང་གྲོས་ཚོགས་འཐུས་མི་ ༡ དེ་བཞིན་སྲིད་འཛིན་ནས་ཐད་བསྐོས་བྱས་པའི་གྲོས་ཚོགས་འཐུས་མི་ (Nominated Member) ༢ བཅས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ ༡༥ དང་། གྲོས་ཚོགས་འོག་མའི་འཐུས་མི་ ༡༧ ཁྱོན་གྲོས་ཚོགས་འཐུས་མི་ ༣༢ དང་མཇལ་འཕྲད་གནང་ཡོད།
མཇལ་འཕྲད་ཁོངས་ནས་ BJP ཆབ་སྲིད་ཚོགས་པའི་འཐུས་མི་ ༡༣ དང་། INC ཆབ་སྲིད་ཚོགས་པའི་འཐུས་མི་ ༦ ། ཆབ་སྲིད་ཚོགས་པ་གཞན་ནས་འཐུས་མི་ ༡༣ བཅས་ཡིན་འདུག གྲོས་ཚོགས་འཐུས་མི་རྣམས་རྒྱ་གར་མངའ་སྡེ་ཁག་ ༡༥ ཡི་གྲོས་ཚོགས་འཐུས་མི་ཡིན་འདུག དེ་མཚུངས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་དབུས་གཞུང་གི་འགྲིམ་འགྲུལ་དང་རྒྱ་ལམ། མཚོ་ཐོག་སྐྱེལ་འདྲེན་དང་རྫས་སྦྱོར་བློན་ཆེན་མཱན་སུག་མཱན་དྷ་བྷི་ཡ (Mansukh Mandaviya) མཆོག་དང་མཇལ་འཕྲད་ཀྱང་གནང་འདུག
མཇལ་འཕྲད་གནང་བའི་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་བོད་ཀྱི་གནད་དོན་ཞིག་ཡིན་ན་རྒྱ་གར་གྲོས་ཚོགས་འཐུས་མི་ཡོངས་ནས་གནད་དོན་དེར་ག་དུས་ཡིན་ཡང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་གི་རེད་ཅེས་གསུངས་གནང་བ་དང་། མ་འོངས་པར་མུ་མཐུད་གྲོས་ཚོགས་འཐུས་མི་རྣམ་པ་དང་མཇལ་འཕྲད་གནང་དགོས་པའི་འབོད་སྐུལ་ཡང་ཞུས་གནང་ཡོད་འདུག
ཕྱི་ཟླ་ ༨ ཚེས་ ༤ ཉིན་ (International Rakshabandhan Celebration Committee) རྒྱལ་སྤྱིའི་སྤུན་མཆེད་དུས་སྟོན་ལྷན་ཚོགས་ནས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ལ་རྒྱ་གར་རྒྱལ་ས་ལྡི་ལིར་འཛམ་གླིང་སྤུན་མཆེད་ཉིན་མོ (World Rasha Bandhan Day) སྲུང་བརྩིའི་མཛད་སྒོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་། མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་ནས་གསུང་བཤད་གནང་ཡོད་འདུག
ཕྱི་ཟླ་ ༨ ཚེས་ ༤ ཉིན་སྤྱི་འཐུས་སྐུ་ཚབ་རྣམ་པས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བི་ཇེཡ་ ཅན་རྡ་ར་ བར་མན་ (Shri.Bijoy Chandra Barman) མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་ཀིན་དར་ རེ་ཌི་ (Shri.Gutha Sukender Reddy) མཆོག རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སི་ པི་ ཕྲ་ཀུར། (Shri.C.P Thakur) མཆོག རྒྱ་གར་དབུས་གཞུང་གི་འགྲིམ་འགྲུལ་དང་རྒྱ་ལམ། མཚོ་ཐོག་སྐྱེལ་འདྲེན་དང་རྫས་སྦྱོར་བློན་ཆེན་ མཱན་སུག་མཱན་དྷ་བྷི་ཡ (Shri.Mansukh L. Mandaviya) མཆོག རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེམ་ ཝི་ ར་ཇི་ཝི་ གལྦ་ཌ་ (Shri.M.V Rajeev Gowda) མཆོག རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ས་དི་ཡ་ན་ར་ཡན་ ཇ་དི་ཡ་ (Shri.Satyanarayan Jhatiya) མཆོག རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བུབ་ནེ་ཤེ་ཝར་ ཀ་ལེ་ཏ་ (Shri.Bhubaneswar Kalita) མཆོག་བཅས་དང་མཇལ་འཕྲད་གནང་ཡོད་པ་དང་། ཕྱི་ཚེས་ ༥ ཉིན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ རམ་ ཀུ་མར་ ཤར་མ་ (Shri.Ram Kumar Sharma) མཆོག་གི་གཙོས་འཐུས་མི་གཞན་རྣམས་དང་མཇལ་འཕྲད་གནང་བཞིན་ཡོད་འདུག་པ་བཅས་ཀྱི་གནས་ཚུལ་དུ།།
གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མེག་རཱཇ་ཇེན་མཆོག