༢༠༡༧ ཟླ་ ༨ ཚེས་ ༩ རེས་གཟའ་ལྷག་པ།
༄༅། ། འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་རྣམ་གཉིས་ཀྱིས་སྣེ་འཁྲིད་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ཆར་དུས་གྲོས་ཚོགས་ཚོགས་བཞིན་པའི་སྐབས་དང་བསྟུན་གང་ཅིའི་འབྲེལ་ལམ་ཆེད་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣༠ ནས་ཕྱི་ཟླ་ ༨ ཚེས་ ༨ བར་ཉིན་བཅུའི་རིང་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་དང་མཇལ་འཕྲད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་གནང་ཡོད་འདུག
སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ད་བར་རྒྱ་གར་སྲིད་དོན་ཚོགས་པ་ཁག་ ༡༥ དང་། མངའ་སྡེ་ཁག་ ༡༦ གི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁྱོན་ ༣༨ མཇལ་འཕྲད་གནང་ཡོད་པ་དང་། དེ་མཚུངས་རྒྱ་གར་ཆབ་སྲིད་བསམ་བློའི་སློབ་སྟོན་པ་ (Think Tank) གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་སློབ་དཔོན་ ཝི་ཇེ་ ཀུ་མར་ མ་ནོ་ཏ་ར་ (Prof. Vijay Kumar Manotra, former MP) མཆོག་དང་། ཨིན་དར་གྷན་དི་རྒྱལ་ཡོངས་སྒྱུ་རྩལ་བསྟི་གནས་ཁང་གི་དབུ་འཛིན་ (President of Indira Gandhi National Centre for Arts) སྐུ་ཞབས་ རམ་ བྷ་ཏུར་ རཡ་ (Shri. Ram Bahadur Rai) མཆོག་རྣམ་གཉིས་ཀྱང་མཇལ་འཕྲད་གནང་ཡོད་འདུག
དེ་ཡང་ཕྱི་ཟླ་ ༨ ཚེས་ ༨ ཉིན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཕྱི་དྲོ་ཆུ་ཚོད་ ༦།༣༠ ནས་ ༨།༠༠ བར་ (Constitution Club of India) ནང་ཚོགས་གནང་ཡོད་འདུག ཚོགས་འདུའི་ནང་རྒྱ་གར་སྲིད་དོན་ཚོགས་པ་ཁག་ ༨ ཀྱི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༡༥ ཕེབས་གནང་ཡོད་པ་དང་། དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་རྣམ་གཉིས་ཀྱིས་སྣེ་འཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་དང་། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་བཅས་ཚོགས་འདུའི་ནང་མཉམ་ཞུགས་གནང་ཡོད་འདུག
ཚོགས་འདུའི་གཙོ་སྐྱོང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤན་ཏ་ཀུ་མར་ (Shri Shanta Kumar) མཆོག་གིས་གནང་བ་དང་། སྐུ་ཞབས་ཁོང་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་དོན། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་འཛམ་གླིང་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྙིང་ཤོས་ཤིག་ཡིན་པ་མ་ཟད་ཚོགས་པ་དེ་ནི་ཧ་ཅང་གི་ནུས་པ་ཅན་ཞིག་རེད་ཅེས་གསུངས་གནང་ཡོད་འདུག ཆབས་ཅིག་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྐབས་བཞག་པའི་གྲོས་ཆོད་ཁག་ལག་བསྟར་གནང་བའི་སྐོར་དང་། ད་ལྟའི་བོད་ནང་གི་གནས་བབ། དེ་བཞིན་འཛམ་གླིང་ཡུལ་གྲུ་ཁག་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་དང་། རྒྱལ་སྤྱིའི་ནང་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་འདུག
ཚོགས་འདུའི་ནང་མཉམ་ཞུགས་གནང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཇི་ལྟར་སྔར་ལྷག་ནུས་པ་ཆེ་རུ་གཏོང་ཐབས་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བརྒྱུད་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་རྒྱ་ཆེར་གཏོང་ཐབས་སོགས་ཀྱི་ཐོག་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད་བོད་ཀྱི་འཐབ་རྩོད་ཆེད་གྲོས་ཆོད་ཁག་ཅིག་ཀྱང་བཞག་གནང་ཡོད་འདུག མཐའ་དོན་ཚོགས་འདུའི་གཙོ་སྐྱོང་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་ཡོད་འདུག
དཔལ་ལྡན་ཚོགས་གཞོན་མཆོག་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།