༢༠༡༧ ཟླ་ ༨ ཚེས་ ༡༠ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གསར་འགྱུར་རྩོམ་སྒྲིག་མཐུན་ཚོགས་ Editors’ Guild of India ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། དེ་སྔའི་རྒྱ་གར་གྱི་སྲིད་བློན་དམ་པ་སྐུ་ཞབས་པཎྜི་ཏ་ནེ་རུ་ Pandit Jawaharlal Nehru མཆོག་གི་བཞུག་ཏིན་མུརྟི་ Teen Murti Bhavan ཞེས་པ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་རཱཇེནྡྲ་མཱ་ཐུར་ Rajendra Mathur Memorial Lecture མཆོག་གི་རྗེས་དྲན་མཛད་སྒོར་བཀའ་སློབ་སྩལ་འདུག
མཛད་སྒོའི་ཐོག་མར་རྩོམ་སྒྲིག་མཐུན་ཚོགས་ཀྱི་དངུལ་གཉེར་སྐུ་ཞབས་ཀལ་ཡཱན་ཤངྐར་ Kalyani Shankar ལགས་ཀྱིས་ཚོགས་བཅར་བ་མི་གྲངས་ ༣༥༠ ཕེབས་པ་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་བསྟུན་ཚོགས་གཙོ་སྐུ་ཞབས་རཱཇ་ཅེང་གབ་པ་ Raj Chengappa ལགས་ཀྱིས་མཛད་སྒོ་ངོ་སྤྲོད་ཞུས། སྐབས་དེར་ཁོང་གིས་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༠ འཁོར་ལ་ཉེ་བའི་དུས་ཆེན་སྲུང་བརྩི་ཞུ་ཆེད་གྲ་སྒྲིག་ཚ་ཚ་འུར་འུར་ཐོག་གནང་བཞིན་པའི་སྐབས་འདིར་གསར་འགྱུར་ཚན་པ་རྣམ་མུ་མཐུད་ཚགས་ཚུད་གནས་བཞིན་ཡོད་པ་དང་། རྒྱ་གར་གསར་འགྱུར་རྩོམ་སྒྲིག་མཐུན་ཚོགས་འདི་ཡང་ཕྱི་ལོ་ ༡༩༧༧ ལོར་ཐོག་མར་གསར་དུ་དབུ་བརྙེས་པ་ཞིག་ཡིན་ཞིང་། གསར་འགྱུར་རང་གིས་མི་མང་མངོན་འདོད་མཚོན་བཞིན་ཡོད་སྟབས་རྒྱ་གར་མང་གཙོའི་རིང་ལུགས་ནང་གསར་འགྱུར་རང་དབང་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་སྐོར་དང་། ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་སྐུ་ཞབས་རཱཇེནྡྲ་མཱ་ཐུར་མཆོག་གི་རྗེས་དྲན་མཛད་སྒོ་སྲུང་བརྩི་ཞུ་བཞིན་ཡོད་སྐོར། སྔ་ལོོར་རྗེས་དྲན་མཛད་སྒོའི་ཐོག་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཨ་མརྟྱ་སེན་ Amartya Sen མཆོག་གདན་འདྲེན་ཞུས་ཡོད་སྐོར་སོགས་སྙན་སྒྲོན་ཞུས།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་རྗེས་དྲན་གྱི་མཛད་སྒོའི་ཐོག་ངོས་རང་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤོབས་ཧ་ཅང་བསྐྱེས་བྱུང་། འཛམ་གླིང་འདི་ནི་ད་ལྟ་འཛམ་གླིང་ནང་འཚོ་བཞིན་པའི་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ལ་བདག་པ་ཞིག་རེད། རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་རྒྱལ་ཁབ་དེ་དག་ནང་གནས་པའི་མི་སེར་ཚོར་བདག་ཡོད་ཡོད་པ་ལས་ཆབ་སྲིད་འགོ་ཁྲིད་དང་རྒྱལ་པོ། བཙུན་མོ། བླ་ཆེན། དབང་ཆ་གཅིག་བསྡུས་པ་ཚོར་བདག་མེད། མི་མང་ལ་བདག་པའི་རྒྱལ་ཁབ་དེ་མི་མང་གིས་འཛིན་སྐྱོང་བྱེད་ཐུབ་པའི་ཐབས་ལམ་བཟང་ཤོས་དེ་ནི་མང་གཙོའི་ལམ་ལུགས་ཐོག་ནས་ཡོང་ཐུབ།
ངོས་རང་ཆུང་དུས་བོད་དུ་ཡོད་སྐབས་བོད་གཞུང་གི་ལམ་སྲོལ་རྙིང་པ་དེར་ཞན་ཆ་མང་པོ་ཡོད་པ་མཐོང་བྱུང་། དབང་ཆ་ཤུགས་ཆེ་བ་མི་རེ་ཟུང་གི་ལག་ཏུ་ཡོད་པ་དེ་འདྲ་རེད། གསར་འགྱུར་ལ་མཚོན་ན་ཀ་བློན་སྦུག་ནས་བོད་ཀྱི་མེ་ལོང་། ཞེས་པའི་གསར་ཤོག་གཅིག་མཚམས་རེ་བོད་ནང་འབྱོར་བ་མ་གཏོགས་བོད་ནང་གསར་ཤོག་གཅིག་ཀྱང་མེད། ངོས་ལ་མཚོན་ན་གནས་ཚུལ་མང་ཆེ་བ་ནོར་གླིང་ཕོ་བྲང་ནང་གི་གད་པ་ཚོ་ནས་ཤེས་ཀྱི་འདུག
ཕྱི་ལོ་ ༡༩༥༠།༥༡ སྐབས་ནས་ངོས་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་འཁྱེར་བ་ཡིན། སྐབས་དེར་ངོས་ཀྱིས་བསྐྱར་བཅོས་ལས་ཁུངས་གསར་འཛུགས་བྱས་པ་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་རང་མོས་ལྟར་བསྐྱར་བཅོས་ལས་གཞིར་འགོག་རྐྱེན་བཟོས་སྟབས་ལམ་ལྷོངས་ལྡན་པ་ཞིག་བྱུང་ཐུབ་མེད། དེ་ནས་ཕྱི་ལོ་ ༡༩༥༤ ལོར་ངོས་རང་པེ་ཅིང་དུ་ཕྱིན་པ་ཡིན། ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་འབྱོར་བ་རེད། སྤྱིར་ཕྱི་ལོ་ ༡༩༥༤ ལོར་པཎྜི་ཏ་ནེ་རུ་མཆོག་དང་ཐོག་མར་མཇལ་འཕྲད་བྱུང་ཡང་ཕྱིས་སུ་ཕྱི་ལོ་ ༡༩༥༦ ལོར་ཁོང་དང་འདྲོག་འདྲིས་ཞུ་རྒྱུའི་དུས་ཚོད་བཟང་བ་བྱུང་། དེ་ནས་ཕྱི་ལོ་ ༡༩༥༩ ལོར་ང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བ་རེད། སྤྱིར་པཎྜི་ཏ་ནེ་རུ་མཆོག་གིས་ཞུ་གཏུག་མ་བྱེད་ན་ལེགས་ཚུལ་ལམ་སྟོན་གནང་ཡོད་ཀྱང་ང་ཚོས་ཞུ་གཏུག་བྱས་ཡོད། དེར་བརྟེན་ཕྱིས་སུ་ཁོང་དང་མཇལ་འཕྲད་སྐབས་གང་གསུང་ཡོང་བསམ་པའི་འཚེར་སྣང་ཕྲན་བུ་བྱུང་ཡང་སྟབས་ལེགས་པ་ཞིག་ལ་ཁོང་གིས་དེའི་སྐོར་གང་ཡང་གསུང་མ་བྱུང་། དེ་ནི་བསམ་བློའི་རང་དབང་གི་མཉམ་མྱོང་ཐོག་མ་བྱུང་།

ངོས་རང་མང་གཙོའི་རིང་ལུགས་ལ་ཡིད་རང་བསྔགས་བརྗོད་ཞུ་མཁན་ཞིག་ཡིན་སྟབས་ལམ་ལུགས་དེ་ངེས་པར་དུ་ལག་བསྟར་ཡོང་རྒྱུར་ཆོད་སེམས་བརྟན་པོ་ཡོད། དེར་བརྟེན་བོད་མི་བཙན་བྱོལ་བ་རྣམས་ཀྱིས་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་ཞིག་ལས་མེད་ཀྱང་མང་གཙོའི་འཕེལ་རིམ་ཐོག་ནས་བརྗོད་ན་ང་ཚོའི་ཁྱིམ་མཚེས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ལས་ང་ཚོ་ཡར་ཐོན་ཆེ་བ་བྱུང་ཡོད། དེར་བརྟེན་རྒྱ་ནག་ནང་དུའང་མཐར་ང་ཚོ་ལྟར་མང་གཙོའི་ལམ་ལུགས་ལག་བསྟར་བྱ་ཐུབ་རྒྱུ་ཡིན་པའི་རེ་བ་བྱེད་བཞིན་ཡོད། རྒྱ་གར་ལྟ་བུར་མཚོན་ན་འཛམ་གླིང་ནང་མི་འབོར་མང་ཤོས་ཡོད་པའི་མང་གཙོའི་རྒྱལ་ཁབ་གཅིག་ཆགས་ཡོད། དེར་བརྟེན་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་གཞན་དང་བསྡུར་བ་ཡིན་ན་རྒྱ་གར་ནང་ཞི་བདེ་བརྟན་ལྷིང་ཆེ་བ་ཡོད། དེ་བཞིན་རྒྱ་གར་གནའ་རབས་ཀྱི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུའི་ལམ་སྲོལ་དེ་རྒྱུན་སྐྱོང་བྱེད་པའི་ཉེར་ལེན་ལ་བརྟེན་ནས་ཡུལ་འདིར་ཆོས་ལུགས་འདྲ་མིན་མང་པོ་འཆམ་མཐུན་ངང་ལོ་ངོ་བརྒྱ་ཕྲག་རིང་མཉམ་སྡོད་བྱེད་ཐུབ་བཞིན་ཡོད།
རྒྱལ་ཁབ་ཀྱི་འགན་དབང་དེ་མི་མང་ཚོར་ཡོད་སྟབས་གསར་འགྱུར་ཚན་པ་ཁག་ལ་དངོས་ཡོད་གནས་ཚུལ་རྣམས་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་ལས་འགན་ཡོད། གནས་ཚུལ་དེ་དག་དྲང་བདེན་དང་འཁྱོག་བཤད་མེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་གསར་འགྱུར་ལ་དོ་སྣང་བསླེབས་ཆེད་གསར་འགོད་པ་ཚོས་འུད་ཤོབ་བཤད་ནས་བལྟ་ཀློག་བྱེད་མཁན་གང་མང་ཡོང་ཐབས་བྱེད་བཞིན་ཡོད། མང་ཚོགས་རྣམས་ལ་དུས་རྟག་ཏུ་གནས་ཚུལ་བཀྲ་མི་ཤིས་པ་ཀྱང་ཀྱང་བཤད་པ་ཡིན་ན་མིའི་བསམ་བློའི་ནང་བཟང་ཕྱོགས་ཀྱི་རེ་བ་རྒྱག་ས་མེད་པ་ཆགས་ཉེན་ཡོད། དེར་བརྟེན་གསར་འགོད་པ་ཚོས་སྐབས་རེ་གནས་ཚུལ་བཟང་པོ་ཡོད་པ་དཔེར་ན། ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་མིའི་ལྷན་སྐྱེས་རང་བཞིན་འབྱམས་བརྩེ་ལྡན་པ་ཡིན་པའི་ར་སྤྲོད་བྱུང་ཡོད་སྐོར་སོགས་གནས་ཚུལ་གདོན་ཐུབ་རྒྱུ་ལྟ་བུ་རེད། མི་ལ་བཟང་ཕྱོགས་ཀྱི་རེ་བ་སྦྱིན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཡིན་སྟབས་ཆུང་དུས་བྱམས་བརྩེའི་མཉམ་མྱོང་དང་བྱམས་བརྩེའི་འཚོ་བས་བསྐྱངས་པ་ཡིན་པར་བརྟེན་རང་བཞིན་གྱི་བྱམས་པ་དང་བརྩེ་བར་རིན་ཐང་སྤྲོད་བཞིན་ཡོད། བྱམས་བརྩེ་གོང་འཕེལ་བཏང་བ་བརྒྱུད་ང་ཚོས་མིའི་སྤྱི་ཚོགས་བྱམས་བརྩེ་ལྡན་པ་ཞིག་བཟོ་ཐབས་བྱ་དགོས།
དེ་ནས་ཕྱོགས་གཞན་ཞིག་ནི་དེང་དུས་ཤེས་ཡོན་ལམ་ལུགས་འདིས་མིའི་ནང་གི་རིན་ཐང་གོང་མཐོར་གཏོང་རྒྱུར་ནུས་པ་འདེང་མིན་ཐོག་དཔྱད་དགོས། དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཡིན་ཞིང་། ལྷག་པར་དཀའ་ངལ་དེ་དག་བཟོ་མཁན་ཡང་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཚོ་ཡིན། དེར་བརྟེན་དེང་དུས་ཤེས་ཡོན་ལམ་ལུགས་ནང་ཞན་ཆ་ཡོད་པ་གསལ་པོ་རེད། ང་ཚོས་བསྐྱར་དུ་ཉམས་ཞིབ་བྱ་དགོས། དེང་དུས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོ་དཔལ་འབྱོར་ཡར་རྒྱས་ཇི་ལྟར་བཏང་དགོས་པའི་ཐོག་ཤུགས་བརྒྱབ་བཞིན་ཡོད་པ་མ་གཏོགས་ནང་བཤིས་རྒྱུས་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་བཏང་རྒྱུད་ཐད་སྐད་ཆ་བཤད་ཀྱི་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ།
