ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། དྲུང་ཆེ་འཆི་མེད་རིག་འཛིན་ལགས་རྣམ་གཉིས་སྦེལ་ཀོབ་བོད་མིའི་གཞིས་སུ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་གྲུབ་རྗེས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་གྱིས་གཙོས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ས་གནས་ཀྱི་ས་ཁང་ཚོགས་ཆུང་དང་ལྷན་གཞིས་ཆགས་ནང་ས་ཁང་སྟོང་པ་ལྷག་ཡོད་པ་དེ་དག་སྐོར་ཚོགས་འདུ་དང་རྟོགས་ཞིབ་གནང་ཡོད།
ཕྱི་ཚེས་ ༢༤ ཉིན་བཀའ་བློན་མཆོག་གིས་བླ་མ་བཟོད་པ་རིན་པོ་ཆེའི་མཐུན་འགྱུར་རོགས་རམ་འོག་རྒས་གསོ་ཁང་རྒྱ་སྐྱེད་བཏང་བ་དེ་ཉིད་དབུ་འབྱེད་དང་ཕྱེད་ཡོལ་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་སྐབས་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དང་དེའི་གལ་གནད་སྐོར་ནན་བརྗོད་གནང་ཡོད།།