ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༢ ཉིན་གྱི་དགོང་མོར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། དྲུང་ཆེ་འཆི་མེད་རིག་འཛིན་ལགས་རྣམ་གཉིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་གཞུང་ཞབས་བགྲེས་ཤག་ ༥ གསར་རྒྱག་གི་ལས་གཞིར་གཟིགས་ཞིབ་དང་། དེ་བཞིན་སྦེལ་ཀོབ་ཞིང་འབྲོག་ཏུ་ལས་ཤག་དང་ཐབ་ཚང་། ཁྲུས་ཁང་དང་གསང་སྤྱོད་ཉམས་གསོ་ལ་གཟིགས་ཞིབ་ཡོད།
གཞན་ཡང་ཞིང་འབྲོག་ཏུ་ Nursery ཤིང་ཏོག་དང་མེ་ཏོགས་བོན་འདྲ་མིན་ལ་རྟོག་ཞིབ་གནང་རྗེས་སི་པན་དང་སྲན་དཀར། ཀོ་ཕི་སོགས་ཁྱོན་ཨེ་ཀར་བཅུ་ལྷག་འདེབས་ལས་བྱས་ཡོད་པར་གཟིགས་ཞིབ་གནང་གྲུབ་མཚམས་ལུགས་བདེ་གཉིས་ཀྱི་གནད་ཡོད་མི་སྣ་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་གནད་དོན་ ༣ ཐོག་ལམ་སྟོན་གནང་ཡོད་པ་དེ་དག་ནི། རྒྱ་གར་མི་སེར་ལེན་ཕྱོགས་ཀྱི་རྒྱབ་ལྗོངས་དང་། དེའི་ཤུགས་རྐྱེན་བོད་ཀྱི་འཐབ་རྩོད་དང་སྒྲིག་འཛུགས་སྲ་བརྟན་ཡོང་སླད་སྐྱོན་ཆག་གང་ཡོད་མེད་སྐོར་དང་། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་བཙན་བྱོལ་བོད་མི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ གཏན་འབེབས་གནང་བའི་ཆ་རྐྱེན་འོག་རྒྱ་གར་གཞུང་ནས་བོད་མི་ཚོར་ས་ཆ་བོགས་མ་བཏང་བའི་ཁྲིམས་མཐུན་ཡིག་ཆ་ Land Lease agreement and RTC བཟོ་རྒྱུའི་ལས་གཞི་འགྲོ་མུས་ཡིན་སྐོར།
ཕྱོགས་མཚུངས་བོད་པའི་སྨན་པ་དང་སྨན་ཞབས་པ་རྣམས་རྒྱ་གར་གྱི་སྨན་ཁང་ཁག་ནང་ཕྱག་ལས་གནང་རྒྱུའི་ཁེ་ཕན་ལེན་ཐུབ་པ་བྱུང་ཡོད་པ། ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་དགོན་སྡེ་ཁག་ལ་ཉིན་གུང་ཞལ་ལག་ Mid day Meal གི་མཐུན་འགྱུར་ཐོབ་པ་བྱུང་འདུག་པ་ལྟར་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གཏན་གཞི་བྱས་པའི་དགོན་སྡེ་ཁག་ལ་ཉིན་གུང་ཞལ་ལག་ Mid day Meal མཐུན་འགྱུར་ལྷོ་སྤྱི་ལས་ཁུངས་བརྒྱུད་ཐོབ་ཐབས་བྱ་རྒྱུ། བོད་མིའི་གཞིས་སྒར་ནང་ས་ཁང་ཉོ་ཚོང་དང་ཕུལ་སྦྱིན་སོགས་ལ་ཐེངས་གཅིག་རིང་ཡུལ་ཐང་ལ་གཞིགས་པའི་ཉེས་ཆད་སྒྲུབ་འབུལ་གྱིས་ཁྲིམས་མཐུན་བཟོ་རྒྱུ་ཡིན་པས་དེ་དོན་ལག་བསྟར་གནང་སྐབས་ཚང་མས་ཕུགས་འགྱངས་རིང་པོའི་དམིགས་ཡུལ་གཞིས་ཆགས་སྲ་བརྟན་ཡོང་སླད་དགོངས་པ་ཆེ་བཞེས་ཀྱིས་ཕྱར་གྲུ་མཉམ་འདེགས་གནང་གལ། རང་རེའི་སྤྱི་ཚོགས་ནང་མི་སྒེར་རེ་ཟུང་ཉམ་ཐག་དང་སློབ་ཡོན་རོགས་སྐྱོར་སོགས་མདོར་ན་སྤྱི་ཚོགས་ཞབས་འདེགས་བྱེད་ཀྱི་ཡོད་པའི་ངོ་བོའི་ཐོག་ནས་མགོ་སྐོར་བསླུ་བྲིད་གཏོང་གི་ཡོད་པའི་གནས་ཚུལ་ཡོང་གི་ཡོད་སྟབས། དེ་རིགས་ལ་ཚང་མས་ཐུགས་ཞིབ་ཆེ་བཞེས་ཀྱིས་ཟབ་ནན་གནང་གལ་སྐོར་གསུང་བཤད་གནང་ཡོད་པ་བཅས།།