༢༠༡༧ ཟླ་ ༨ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་གྱི་ཕྱེད་ཡོལ་ཙམ་ལ་ཨ་རིའི་གྲོང་ཁྱེར་སན་ཕ་རེན་སི་སི་ཀོར་ San Francisco ཕེབས་འབྱོར་གནང་འདུག སྐབས་དེར་བྱང་ཀེ་ལི་ཕོར་ནི་ཡའི་བོད་རིགས་མཐུན་ཚོགས་ Tibetan Association of North California དང་ས་གནས་བོད་མི་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༢༨ ཉིན་གྱི་ཕྱེད་ཡོལ་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་བོད་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་འོག་མ་འོངས་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པར་བརྟེན། རང་དབང་ལུང་པའི་ནང་གི་བོད་མི་བཙན་བྱོལ་བ་རྣམས་ནས་གོ་སྐབས་དམ་འཛིན་ཐོག་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་ཆེད་འབད་བརྩོན་བྱེད་གལ་སྐོར་དང་། བོད་ཀྱི་རྩ་དོན་སླད་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་རྣམས་ཀྱི་མངོན་འདོད་གསལ་སྟོན་གནང་ནས་ཚང་མས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཧུར་ཐག་གནང་དགོས་པའི་འབོད་སྐུལ་ཞུས།
ལྷག་པར་བོད་ཀྱི་ཐུན་མིན་རིག་གཞུང་གཅེས་འཛིན་སླད་ཕ་མ་རྣམས་ནས་སོ་སོའི་ཕྲུ་གུ་གཟའ་མཇུག་སློབ་གྲྭར་བཏང་དགོས་རྒྱུ་གལ་ཆེ་ཚུལ་དང་། ཕ་མས་སོ་སོའི་ཕྲུ་གུ་རྣམས་ལ་མ་འོངས་བོད་མི་ཚད་ལྡན་ཞིག་ཆགས་ནས་བོད་མིའི་སྒྲིག་འཛུགས་ནང་ཞབས་ཕྱི་ཞུ་དགོས་སྐོར་སློབ་སྟོན་གནང་གལ་ཆེ་བ་མ་ཟད། ཅི་སྟེ་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་འདོད་ཡོད་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་དང་བླངས་སྤྱི་ཚོགས་ཞབས་ཞུ་ Tibet Corps བརྒྱུད་ནས་གོ་སྐབས་ཡོད་སྐོར་གསུང་རྗེས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཐབས་བྱུས་བཅས་སོགས་ཀྱི་སྐོར་ངོ་སྤྲོད་གནང་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་སྦྲགས། བོད་མིའི་འཐབ་རྩོད་ལ་ཞབས་འདེགས་ཞུ་ཆེད་དང་བླངས་དཔྱ་དངུལ་ལག་དེབ་ལྗང་ཁུ་བཟོ་གལ་ཆེ་སྐོར་དང་། འདས་པའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཏོག་ཙམ་ཟིང་ཆ་བྱུང་ཡོད་ཀྱང་། ད་ཆ་ཆོལ་ཁ་ཆོས་ལུགས་དབྱེ་བ་མེད་པར་དམ་ཚིག་གཟོང་ཁ་གཅིག་སྒྲིལ་ཐོག་ནས་སྤྱི་པའི་རྩ་དོན་སྒྲུབ་སླད་སེམས་ཤུགས་སྐྱེ་དགོས་སྐོར་གསུངས།
སྤྱིར་དེ་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨེལ་ཅེ་རི་ཏོ་ El Cerrito གྲོང་ཁྱེར་གྱི་གྲོང་སྡེའི་སྤྱི་ཁྱབ་པ་ལྕམ་སྐུ་ཇེ་ནེ་ཊི་ཨ་བྷེལ་སོན་ Janet Abelson ལགས་ཀྱིས་གཙོས་གྲོང་སྡེའི་ལས་ཁུངས་ཀྱི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་བ་མ་ཟད། རི་ཆི་མོན་ Richmond City གྲོང་ཁྱེར་ལས་ཁུངས་ཀྱི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་འདུག སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནང་དུ་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་ལམ་ནས་ངོ་རྒོལ་གནང་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར། ལྷག་པར་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་གྲྭ་བཙུན་རྣམས་ཀྱི་ལས་ཤག་བཙན་དབང་འོག་ནས་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གནས་སྟངས་ཞིབ་ཕྲ་ངོ་སྤྲོད་གནང་བ་དང་སྦྲགས། བོད་མི་རིགས་རིག་གཞུང་དང་བཅས་པ་ཆགས་འཇིག་གི་གནས་སྟངས་ཛ་དྲག་དུས་སྐབས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཧ་ཅང་རྩ་ཆེན་པོ་ཡིན་སྟབས། དེ་སྔ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་བ་དང་ལྷན་འབྱུང་འགྱུར་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་གནང་འདུག
སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པ་དང་གྲོང་སྡེའི་ལས་ཁུངས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གི་གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་བྱང་ཀེ་རོ་ལེ་ན་བོད་རིགས་མཐུན་ཚོགས་ཀྱིས་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་མི་སྐུ་ཞབས་ཀི་རི་སི་ Kriss Worthington ཝོར་ཐིང་ཊོན་ལགས་ཀྱིས་ད་བར་བོད་མི་དང་བོད་དོན་ཆེད་ལྷག་བསམ་རྣམ་དག་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ལེགས་གསོལ་བསྔགས་བརྗོད་ཞུས་འདུག
གཞན་ཡང་སྲིད་སྐྱོང་མཆོག་ནས་བྱང་ཀེ་ལི་ཕོར་ནི་ཡ་བོད་རིགས་མཐུན་ཚོགས་ཀྱིས་བདུན་རེའི་བོད་ཡིག་འཛིན་གྲྭ་རྣམ་དཔྱོད་སྐྱེད་ཚལ། ཞེས་པ་དབུ་འབྱེད་དང་། དེ་བཞིན་བྱང་ཀེ་ལི་ཕོར་ནི་ཡའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་གསར་པ་རྣམས་ལ་འཚམས་འདྲི་དང་། དེ་སྔའི་ཚོགས་མི་རྣམས་ལ་ལེགས་གསོལ་བསྔགས་བརྗོད་ཡང་གནང་འདུག
ཕྱི་ཚེས་ ༢༩ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ཀོ་ལོ་རེ་ཌོ་ Colorado མངའ་སྡེའི་རྒྱལ་ས་ཌེན་ཝར་ Denver ནང་ཕེབས་ཐོན་གནང་ཡོད་པ་བཅས།།