༢༠༡༧ ཟླ་ ༨ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༦ རེས་གཟའ་ཉི་མའི་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་དུས་བབ་གསར་འགྱུར་བརྙན་འཕྲིན་ཚན་པ་ Times Now ཞེས་པའི་རྩོམ་སྒྲིག་པ་སྐུ་ཞབས་སི་རིན་ཇོ་ཡི་ཅོ་དེ་རི་ Srinjoy Chowdhury ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲི་བ་ཁག་གཅིག་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་མཛད་འདུག
དྲི་བ། འཛམ་གླིང་གི་གནས་སྟངས་ཧ་ཅང་རྙོག་ཟིང་ཆེ་བའི་དུས་སྐབས་འདིར་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་དགོས་མཁོ་དང་འབྲེལ་བ་ཇི་ཙམ་ཆགས་ཡོད།
བཀའ་ལན། ངོས་ཀྱིས་འཆད་བཞིན་པའི་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ཟེར་བ་དེ་ནི་གཙོ་བོ་སེམས་ཚོར་གྱི་མྱོང་བ་དང་། དེ་ལ་བརྟེན་ནས་བསམ་བློའི་བག་ཆགས་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་བཞིན་ཡོད་པའི་སྐོར་དང་འབྲེལ་བ་ཡོད། དེ་ནས་རིག་ལམ་གྱི་འགྲོ་སྟངས་སྐོར་རེད། དེས་ང་ཚོར་དངོས་ཡོད་གནས་ཚུལ་ལ་དཔྱད་པ་བྱ་རྒྱུར་ཕན་ཐོགས་ཧ་ཅང་ཡོད། དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་ཕུགས་རྒྱང་རིང་པོ་དང་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བལྟ་མ་ཐུབ་པར་བརྟེན་ནས་ཡོང་བཞིན་ཡོད་སྟབས། རྒྱ་གར་གནའ་རབས་ནས་བྱུང་བའི་སྲོལ་རྒྱུན་གྱི་ལེགས་བཤད་དེ་དག་ད་ལྟའི་འཛམ་གླིང་འདིའི་ནང་འབྲེལ་བ་ཧ་ཅང་ཡོད།
འཚེ་བ་ལ་བརྟེན་ནས་དཀའ་ངལ་སེལ་ཐུབ་ཐབས་མེད། ལྷག་པར་གཞི་རྩའི་མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་སྟབས་འཚེ་བ་ནི་དེའི་ལྡོག་ཟླར་གྱུར་བཞིན་ཡོད།
དྲི་བ། དེང་སྐབས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པ་མ་ཟད། རྒྱ་གར་ལའང་ངར་ཤུགས་ཇེ་ཆེར་གཏོང་བཞིན་པའི་རྣམ་འགྱུར་སྟོན་བཞིན་པ་དེར་དགོངས་ཚུལ་ཇི་ཡོད།
བཀའ་ལན། དེ་ནི་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མཁྲེགས་འཛིན་པ་ཁག་གཅིག་གི་བྱེད་བབ་ལ་བརྟེན་ནས་ཡོང་བཞིན་ཡོད། ཁོ་པ་ཚོས་བརྟན་ལྷིང་གི་སྤྱི་ཚོགས་བསྐྲུན་རྒྱུ་ཡིན་སྐོར་བཤད་བཞིན་དུ་བརྟན་ལྷིང་གི་སྤྱི་ཚོགས་བསྐྲུན་རྒྱུའི་ཐབས་ལམ་དེ་མིའི་བསམ་བློའི་ནང་འཇིགས་སྣང་དང་དངངས་སྐྲག་སྐྱེ་རྒྱུའི་ཐབས་ལམ་ལག་བསྟར་བྱེད་བཞིན་ཡོད། འཇིགས་སྣང་འོག་ནས་ཡིད་ཆེས་ཇི་འདྲ་བསླེབ་ཐུབ། ཡིད་ཆེས་མེད་ན་བརྟན་ལྷིང་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཇི་ལྟར་བསྐྲུན་ཐུབ་བམ།
དྲི་བ། འདི་ལོའི་ལོ་འགོར་སྐུ་ཉིད་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆིབས་སྒྱུར་བསྐྱངས་ཡོད། དེའི་ཐོག་ཐུགས་ལ་མྱོང་ཚོར་ཇི་འདྲ་བྱུང་།
བཀའ་ལན། ཕྱོགས་གཅིག་ནས་ཡུལ་མི་ཚོས་ངོས་ལ་ཧ་ཅང་དགའ་པོ་བྱེད་བཞིན་འདུག གཉིས་ནས་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་ངོས་རང་ལྷ་ས་ནས་བྲོས་བྱོལ་སྐབས་རྒྱ་གར་གྱི་ས་མཚམས་ནང་ཐོག་མར་འཛུལ་ས་དེ་ས་ཁུལ་དེ་དག་ཆགས་ཡོད་སྟབས་བསམ་བློའི་ནང་དམིགས་བསལ་གྱི་ཚོར་བ་ཞིག་བསྐྱེད་བྱུང་།
དྲི་བ། ད་ལྟ་རྒྱ་དཀར་ནག་གཉིས་འབྲོག་ལམ་གྱི་ས་མཚམས་ཐོག་གདོང་ཐུག་བྱེད་ནས་གནས་མུས་ཡིན། གནས་སྟངས་འདིའི་སྐོར་དགོངས་ཚུལ་ཇི་ཡོད།
བཀའ་ལན། རྒྱ་དཀར་ནག་གཉིས་ནི་གནའ་རབས་ལོ་རྒྱུས་ཐོག་སྟོབས་ཆེན་རྒྱལ་ཁབ་གཉིས་ཆགས་ཡོད། དེར་བརྟེན་ཡུལ་གྲུ་དེ་གཉིས་འདོད་རང་མ་འདོད་རུང་ཁྱིམ་མཚེས་བྱེད་ནས་གནས་དགོས། དེ་སྔ་རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་ཟེར་བ་མ་བཏང་གོང་ནས་རྒྱ་གར་ས་མཚམས་སུ་རྒྱ་མིའི་དམག་མི་མེད། དངོས་ཡོད་གནས་ཚུལ་ལ་རན་པའི་ཐབས་ལམ་ཞིག་ཐོག་ནས་ཕྱིན་པ་ཡིན་ན་ཕྱོགས་གཉིས་ཀར་ཁེ་ཕན་ཡོང་རྒྱུ་རེད། རྒྱ་རིགས་ནང་པ་མང་པོ་ཞིག་རྒྱ་གར་དུ་གནས་མཇལ་ལ་ཡོང་རྒྱུར་མཐུན་རྐྱེན་ཇེ་བཟང་དུ་བཏང་ཐུབ་ན་དེས་ཀྱང་ཕྱོགས་གཉིས་དབར་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཏན་ཏན་ཡོང་ཐུབ། འདི་ཐབས་ལམ་འོས་འཚམས་ཤིག་རེད་བསམ་དྲན་བྱུང་། སྤྱིར་ད་ལྟའི་སྲིད་བློན་མོ་དི་མཆོག་ཕྱག་ལས་ཧུར་ཐག་གནང་བཞིན་པ་རེད། རྒྱལ་ནང་ཙམ་མ་ཟད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལའང་ཁོང་གིས་ཕྱག་ལས་ཧ་ཅང་ཡག་པོ་གནང་མུས་རེེད། འདི་ནི་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་བརྗོད་ན་རྒྱ་གར་ནི་མི་འབོར་མང་ཤོས་ཡོད་པའི་མང་གཙོའི་རྒྱལ་ཁབ་གཅིག་ཆགས་ཡོད། ངོས་དང་སྲིད་བློན་ནེ་རུ་ཧ་ཅང་སེམས་ཐག་ཉེ་པོ་ཡིན། ངོས་ཀྱིས་ཁོང་གི་སྐུ་མདུན་ནས་ལམ་སྟོན་ཐེངས་འགའ་ཤས་ཞུ་མྱོང་ཡོད།
དྲི་བ། ༸སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར་ཏོག་ཙམ་གསུང་རོགས།
བཀའ་ལན། ༼བཞད་མོ་བཞད་པ་དང་སྦྲགས༽ ༸རྒྱལ་བའི་ཡང་སྲིད་སྐོར་ལ་ངོས་རང་ལས་རྒྱ་ནག་གཞུང་ལ་སེམས་ཁྲལ་ཆེ་བ་འདུག མ་གཞི་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་འཛོམས་ནས་དེའི་ཐོག་གོ་བསྡུར་ཞིག་བྱེད་དགོས་བསམ་པ་དྲན་བཞིན་ཡོད།
དྲི་བ། བོད་ནང་ལ་དམ་བསྒྲགས་མུ་མཐུད་གནས་བཞིན་པ་མ་ཟད། ལྷག་པར་ཆོས་དད་རང་དབང་ལ་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད།
བཀའ་ལན། ང་ཚོས་རང་བཙན་རྩོད་ཀྱི་མེད། ཕྱི་ལོ་ ༡༩༧༤ ཙམ་ནས་ང་ཚོས་ལངས་ཕྱོགས་གསལ་པོ་བཟོས་ཟིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷན་དུ་མཉམ་གནས་བྱེད་ཚེ་ང་ཚོར་ཁེ་ཕན་ཡོད། བོད་མི་ཚོ་ལའང་དེང་དུས་དཔལ་འབྱོར་གྱི་འཛུགས་སྐྲུན་ཡར་རྒྱས་དགོས་མཁོ་ཡོད། དེ་དང་དུས་མཉམ་དུ་བོད་མི་ཚོར་ཐུན་མིན་རིག་གཞུང་དང་སྐད་ཡིག་ཡོད་པ་ཙམ་དུ་མ་ཟད། ལྷག་པར་དཔལ་ན་ལེནྡྲ་ནས་བརྒྱུད་པའི་རིག་གཞུང་ཧ་ཅང་ཕྱུག་པོ་ཞིག་ཡོད། རིག་གཞུང་དེ་དག་བོད་མི་ཚོས་ལོ་ངོ་སྟོང་ཕྲག་ལྷག་རིང་གཅེས་ཉར་བྱས་ནས་བསྡད་ཡོད་པ་མ་ཟད། འབྱུང་འགྱུར་ཡང་རིག་གཞུང་དེ་མུ་མཐུད་ནས་གཅེས་ཉར་བྱེད་དགོས། ལྷག་པར་དེང་སྐབས་རྒྱ་རིགས་ནང་པ་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་འདི་ཆ་ཚང་བའི་ནང་པའི་བསྟན་པ་ཡང་དག་པ་ཞིག་ལ་ངོས་འཛིན་ཞུ་བཞིན་འདུག
ཁོར་ཡུག་ལ་མཚོན་ནའང་བོད་མཐོ་སྒང་གི་ཁོར་ཡུག་ནི་འཛམ་གླིང་ལྷོ་བྱང་སྣེ་གཉིས་ཕུད་པའི་སྣེ་གསུམ་པར་ངོས་འཛིན་བྱེད་བཞིན་ཡོད། མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དེས་ཤུགས་རྐྱེན་ཐེབས་བཞིན་པ་དེ་ནི་འཛམ་གླིང་གི་སྣེ་གཉིས་ལ་ཤུགས་རྐྱེན་ཐེབས་པ་དང་གཅིག་མཚུངས་ཡིན་འདུག དེར་བརྟེན་བོད་མི་ཚོས་བོད་ཀྱི་ཁོར་ཡུག་བདག་གཅེས་བྱེད་ཐུབ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
དྲི་བ། འབྱུང་འགྱུར་ལོ་ ༡༠་་་༢༠ ནང་འཛམ་གླིང་གི་གནས་སྟངས་ལ་ཐུགས་རེ་ཇི་ལྟར་མཛད་བཞིན་ཡོད།
བཀའ་ལན། དེང་དུས་ཤེས་ཡོན་ལམ་ལུགས་འདི་ཕྱོགས་སུ་ལྷུང་བ་ིག་རེད། ཕྱི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་ནས་འགྲོ་བཞིན་འདུག ནང་གི་ཤིས་རྒྱུས་དང་འབྲེལ་བའི་ཞི་བདེ་དང་བྱམས་བརྩེ་གོང་མཐོར་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་གནའ་རབས་ཀྱི་རིག་གནས་དེ་དག་རྒྱུན་འཛིན་འོག་གནའ་དེང་བཟུང་འབྲེལ་ཐོག་ནས་འཛམ་གླིང་ནང་ཞི་བདེ་གོང་མཐོར་གཏོང་རྒྱུའི་ནུས་པ་དེ་རྒྱ་གར་ལ་ཡོད། ངོས་ལ་ད་ཆ་ལས་འགན་འཕར་མ་ཞིག་ཡོད་པ་ནི་རྒྱ་གར་ནང་དུ་རྒྱ་གར་རང་ཉིད་ཀྱི་གནའ་རབས་ཀྱི་ལེགས་བཤད་བསྐྱར་གསོ་བྱ་རྒྱུ་འདི་ཡིན།།