༢༠༡༧ ཟླ་ ༨ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ཏཱཇ་གསོལ་མགྲོན་ཁང་དུ་བོད་བརྒྱུད་ནང་བསྟན་དང་རུ་སུའི་ཚན་རིག་དབར་བགྲོ་གླེང་ལྷན་ཚོགས་ཐེངས་དང་པོའི་ཉིན་གསུམ་པའི་སྐབས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ལྷན་ཚོགས་དབུ་བཞུགས་མཛད།
དེ་ཡང་ཉིན་ལྔའི་བགྲོ་གླེང་ལྷན་ཚོགས་དེ་བཞིན་ཕྱི་ཟླ་ ༨ ཚེས་ ༥ ཉིན་དབུ་འཛུགས་གནང་ཡོད་པ་དང་། ཉིན་དང་པོའི་སྐབས་སྔོན་འགྲོའི་ཚུལ་དུ་རུ་སུ་དང་ནང་པའི་མཁས་དབང་མི་གྲངས་ ༡༡ མཉམ་ཞུགས་གནང་འདུག སྐབས་དེར་དོན་གཉེར་བ་ཁྱོན་མི་གྲངས་ ༥༠ ཙམ་ཕེབས་འདུག ཉིན་གསུམ་པའི་སྐབས་༸གོང་ས་མཆོག་གིས་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་མཛད་སྐབས་བཀའ་སློབ་སྩལ་དོན། དེང་སྐབས་འཛམ་གླིང་ནང་མི་ཕན་ཚུན་གསོད་རེས་གཏོང་བཞིན་པའི་གནས་སྟངས་འདི་འཆར་ཅན་གྱི་གནས་སྟངས་ལྟ་བུ་ཞིག་ཆགས་པ་འདི་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཡིན། ཕྱོགས་གཅིག་ནས་འབྱོར་ལྡན་རྣམས་མི་ཚེ་སོས་དལ་ངང་རྒྱས་སྤྲོས་ཀྱི་འཚོ་བར་རོལ་ཞིང་ཡོད་ཀྱང་གཉིས་ནས་དབུལ་ཕོངས་རྣམས་ལྟོགས་ཤི་ཐེབས་ནས་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད།
དེར་བརྟེན་ང་ཚོས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དུས་རབས་ ༢༠ དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཟིན། ད་ཆ་ང་ཚོས་དུས་རབས་ ༢༡ འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་བཟོ་དགོས། དེར་བརྟེན་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་ང་ཚོས་གཞོན་སྐྱེས་ཚོར་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གཞི་ལ་བཞག་སྟེ་དེང་དུས་ཤེས་ཡོན་ལམ་སྲོལ་ནང་བྱམས་བརྩེ་སོགས་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཐབས་བྱེད་དགོས། དཔེར་ན་གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་འདི་གཙོ་བོར་འཛིན་དགོས་པ་ལས་ཆོས་ལུགས་དང་རིགས་རུས་མི་འདྲ་བ། དེ་བཞིན་ཤ་མདོག་སོགས་མི་འདྲ་བ་བཅས་ནི་རིམ་པ་གཉིས་པའི་གནས་སྟངས་ཡིན་སྟབས་ང་ཚོ་ཕན་ཚུན་དབར་མི་མཐུན་པའི་གནས་སྟངས་ཆུང་ཙག་རིགས་ལ་དེ་ཙམ་གལ་གནད་ཆེ་བར་བལྟ་རྒྱུ་མེད། ཅེས་བཀའ་སློབ་སྩལ་བ་དང་འབྲེལ། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ཝ་ Tuva དང་བྷུར་ཡ་ཏི། Buryat ཁལ་མུག་ Kalmykia བཅས་ནང་པའི་རྒྱལ་ཁབ་དེ་དག་ནས་དེ་སྔ་ནང་པའི་མཁས་དབང་ཧ་ཅང་མང་པོ་ཐོན་ཡོད་པ་དང་། ཕྱིས་སུ་རུ་སུའི་ནང་དམར་ཤོག་ཤུགས་ཆེ་དར་སྲོལ་བྱུང་རྗེས་ཡུལ་གྲུ་དེ་དག་ནང་དུའང་ནང་ཆོས་ཕྲན་བུ་ཉམས་ཆག་ཕྱིན་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་རུ་སུའི་སེམས་ཁམས་རིག་པའི་མཁས་པ་སྐུ་ཞབས་ཀོན་སི་ཊན་ཊིན་ཝི་ཨ་ནོ་ཀིན་ Konstantin V. Anokhin ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་སྐབས་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་སྐྱེས་དངོས་དང་ཀླད་ཁམས་ཚན་རིག་པ། དངོས་ཁམས་རིག་པའི་ཚན་རིག་པ། སྐད་ཡིག་དང་ལྟ་གྲུབ་ཐོག་གི་མཁས་པ་རྣམས་ཀྱི་ངོ་སྤྲོད་སྙན་སྒྲོན་ཞུས་པ་མ་ཟད། ཁོང་གིས་སེམས་དང་ཀླད་པའི་དབར་གྱི་འབྲེལ་བའི་སྐོར་གསུངས།
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་རྗེས་དྲན་ཞུ་བ་ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་གནང་ཡོད་པ་བཅས།།