༢༠༡༧ ཟླ་ ༨ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཨ་རིའི་ཊེག་ས་སི་ Texas མངའ་སྡེའི་ནང་ཉེ་ལམ་དྲག་ཆར་རླུང་འཚུབ་ཤུགས་ཆེ་འོག་ཆུ་རུད་ཀྱིས་རྐྱེན་པས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཚབས་ཆེ་ཕོག་རྐྱེན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་གཙོ་འཛིན་སྐུ་ཞབས་གྷེ་རེག་ཨེ་བྷོ་ཊི་ Greg Abbotམཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
ལྷོ་ཤར་ཊེག་ས་སི་ས་ཁུལ་ནང་དང་ལྷག་པར་ཧུ་སུ་ཊོན་ Houston གྲོང་ཁྱེར་ས་ཁུལ་དུ་དེ་སྔ་མ་གྲགས་པའི་དྲག་ཆར་རླུང་འཚུབ་ཚབས་ཆེ་བྱུང་རྐྱེན་ཡུལ་མིའི་ཚེ་སྲོག་ཤོར་བ་དང་སྡོད་ཁང་སོགས་ལ་གནོད་འཚེ་ཚབས་ཆེ་ཕོག་པར་བརྟེན་མི་གྲངས་སྟོང་ཕྲག་མང་པོ་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་གནས་སྟངས་སྐོར་ཤེས་རྟོགས་བྱུང་སྐབས་ངོས་རང་བློ་ཕམ་ཧ་ཅང་བྱུང་།
ངོས་རང་དེ་སྔ་ཊེག་ས་སི་མངའ་སྡེའི་ནང་ཐེངས་འགའ་ཤས་སླེབས་པའི་ཉམས་མྱོང་དེ་དག་བསམ་བློ་འཁོར་སྐབས་སེམས་ནང་དགའ་སྣང་གི་ཚོར་བ་སྐྱེ་བཞིན་འདུག ལོ་གཉིས་གོང་ས་ཁུལ་དེར་འབྱོར་བ་མཐའ་མ་ཆགས་ཡོད། སྐབས་དེར་ངོས་ཀྱི་མཛའ་བརྩེ་ལྡན་པའི་གྲོགས་པོ་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤི་ President George W. Bush མཆོག་གིས་མགྲོན་འབོད་གནང་བྱུང་། དེར་བརྟེན་ཐེངས་འདིར་ས་ཁུལ་དེར་དྲག་ཆར་རླུང་འཚུབ་ཀྱིས་དཀའ་ངལ་ཚབས་ཆེ་དེ་ཙམ་བཟོས་པ་མཐོང་སྐབས་སེམས་སྡུག་ཡོང་བཞིན་འདུག ངོས་ཀྱིས་ཊེག་ས་སི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཞེས་འཁོད་པ་མ་ཟད། ཛ་དྲག་ངལ་སེལ་རོགས་སྐྱོབ་ཀྱི་ལས་གཞིར་ཡིད་རང་བསྔགས་བརྗོད་མཛད་འདུག་པ་བཅས།།