༢༠༡༧ ཟླ་ ༨ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༨ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ནང་ཆོས་འཛིན་ཁང་དུ་ཆོས་དགེ་འཇམ་དཔལ་ཆོས་འཛིན་ལགས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་ཕྱོགས་སྒྲིག་གི་དཔེ་དེབ་གསར་པ་དབུ་འབྱེད་གནང་།
དེ་ཡང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ལོ་ལྟར་༸གོང་ས་མཆོག་གི་བཀའ་སློབ་རྒྱ་ཡིག་ཐོག་ཕབ་བསྒྱུར་གྱིས་དཔར་བསྐྲུན་འགྲེམས་སྤེལ་གནང་བཞིན་ཡོད་པ་ལྟར། ཐེངས་འདིར་༸གོང་ས་མཆོག་གི་བཀའ་སློབ་དེབ་ཕྲེང་བཅོ་ལྔ་པ་དེ་ཆོས་དགེ་འཇམ་དཔལ་ཆོས་འཛིན་ལགས་ཀྱིས་དབུ་འབྱེད་གནང་བ་དང་སྦྲགས་དཔེ་དེབ་འགྲེམ་སྤེལ་ཞུ་དགོས་པའི་དམིགས་ཡུལ་སོགས་སློབ་མ་རྣམས་ལ་ངོ་སྤྲོད་གནང་བ་དང་། བཀའ་སློབ་དེབ་ཕྲེང་བཅོ་ལྔ་པ་པར་སྐྲུན་མ་ཞུས་གོང་༸གོང་ས་མཆོག་གིས་ཨིན་སྐད་ནང་བཀའ་སློབ་སྩལ་བ་ཁག་ཡིག་ཐོག་ཏུ་ཕབ་རྒྱུ་དང་། དེ་རྗེས་རྒྱ་ཡིག་ཐོག་ཡིག་བསྒྱུར་གནང་མཁན་དྭངས་བླངས་ལས་མི་དང་། ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུས།
དེ་ནས་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་དོན། ༸གོང་ས་མཆོག་གི་བཀའ་སློབ་འདོན་ཐེངས་བཅོ་ལྔ་པ་དེ་གཙོ་བོ་ རྒྱ་རིགས་དང་། རྒྱ་གར་བ། བོད་པའི་གཞོན་སྐྱེས་ཚོ་ལ་སྩལ་གནང་བ་ཁག་དེབ་ཆུང་ཕྱོགས་སྒྲིག་ཅིག་རེད། ལོ་རེར་ཉུང་མཐར་ཐེངས་གཅིག་རྒྱ་ཡིག་ཐོག་བསྒྱུར་ཏེ་དེབ་གྲངས་ ༥༠༠༠ ལྷག་པར་སྐྲུན་གྱིས་གངས་ལྗོངས་དཔེ་སྐྲུན་ཁང་བརྒྱུད་རིན་མེད་འགྲེམས་སྤེལ་གནང་གི་ཡོད་ཅེས་དང་། དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་མུ་མཐུད་ངོ་སྤྲོད་གནང་དོན། གངས་ལྗོངས་དཔེ་སྐྲུན་ཁང་ནས་ད་བར་འགྲེམ་ཚོང་གི་དེབ་གྲངས་ ༢༧ བཏོན་ཟིན་པ་དང་། དེའི་ཁོངས་ནས་འདས་པའི་ལོ་གཅིག་ནང་བོད་དོན་གྱི་རྒྱ་ཡིག་ཁྱོན་དེབ་གྲངས་དྲུག་འདོན་སྤེལ་ཟིན་པ་དང་། ནང་དོན་ལོ་རྒྱུས་དང་། ཆོས། ༸གོང་ས་མཆོག་གི་བཀའ་སློབ་སོགས་རེད། གངས་ལྗོངས་དཔེ་སྐྲུན་ཁང་ནི་ཐེ་ཝན་ནང་གི་ཚད་ལྡན་དཔེ་སྐྲུན་ཁང་ཡིན་པ་དང་། ཐེ་ཝན་གྱི་དེབ་ཁང་ཆེ་ཁག་དང་། ཧོང་ཀོང་གི་དེབ་ཁང་ཁག་གཅིག་ནང་བཙོང་གི་ཡོད། དེ་བཞིན་རྒྱ་ནག་གི་མི་སྣས་ཀྱང་ཉོ་མཁན་ཡོད་པ་རེད། ད་ལྟའི་ཆར་གངས་ལྗོངས་དཔེ་སྐྲུན་ཁང་ནི་འཛམ་གླིང་ཐོག་རྒྱ་ཡིག་ནང་བོད་ཁོ་ནའི་དེབ་བཏོན་མཁན་གྱི་དཔེ་སྐྲུན་ཁང་གཅིག་པུ་དེ་ཆགས་ཡོད་ཅེས་གསུངས།
ཐེངས་འདིའི་༸གོང་ས་མཆོག་གི་བཀའ་སློབ་དེབ་ཕྲེང་བཅོ་ལྔ་པའི་ནང་དོན་ནི། ༸གོང་ས་མཆོག་གིས་ཉེ་ཆར་ཨ་རིའི་ཁེ་ལེ་ཕོ་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཐོན་མཛད་སྒོའི་ཐོག་སྩལ་བའི་བཀའ་སློབ་དང་། རྒྱ་གར་རྒྱལ་ས་ལྡི་ལིར་བོད་པའི་གཞོན་སྐྱེས་ཚོར་༸གོང་ས་མཆོག་དང་། ཚན་རིག་མཁས་པ་སྐུ་ཞབས་ David Richardson ལགས་ཕན་ཚུན་བགྲོ་གླེང་དང་གཞོན་སྐྱེས་ཚོའི་དྲི་བར་ལན་འདེབས་ཀྱི་ནང་དོན་ཆ་ཚང་། རྒྱ་གར་ནཱལེནྡྲའི་གཙུག་ལག་སློབ་ཆེན་ནང་སྩལ་བ་སོགས་ཁྱོན་བཀའ་སློབ་ཁག་དགུ་ཕྱོགས་སྒྲིག་གནང་བའི་དེབ་ཆུང་ཞིག་ཡིན་པ་རེད། །