༢༠༡༧ ཟླ་ ༨ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༣ ཉིན་ཨ་རིར་༸ཞབས་སོར་འཁོད་གནང་མཛད་པ་ནས་བཟུང་ཕྱི་ཟླ་ ༦ ཚེས་ ༢༧ བར་མཐོ་སློབ་ཁག་གི་དགེ་ལས་སློབ་ཕྲུག་རྣམས་དང་། གཞོན་སྐྱེས་དང་ཚོང་པའི་འགོ་ཁྲིད། དེ་བཞིན་བོད་རིགས་གཙོ་བོར་གྱུར་བའི་དད་ལྡན་རྣམས་ལ་བཀའ་སློབ་སྩལ་བ་སོགས་མཛད་འཕྲིན་རྒྱ་ཆེ་བསྐྱངས་རྗེས། ཕྱི་ཟླ་ ༦ ཚེས་ ༢༨ ཉིན་ཨ་རི་ནས་ཐད་ཀར་རྒྱལ་ས་ལྡི་ལི་བརྒྱུད་ལ་དྭགས་རྒྱལ་ས་སླེ་རུ་༸ཞབས་སོར་འཁོད་ནས་ཕྱི་ཟླ་ ༨ ཚེས་ ༡ བར་མཛད་འཕྲིན་ཁག་ལེགས་པར་བསྐྱངས། དེ་རྗེས་ལ་དྭགས་རྒྱལ་ས་སླེ་ནས་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་གནང་མཛད་ནས་ལྡི་ལི་དང་དེ་རྗེས་གྲོང་ཁྱེར་མུམ་བྷེའི་ནང་མཛད་འཕྲིན་རྒྱ་ཆེ་བསྐྱངས་རྗེས་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད།
དེ་ཡང་མགོན་པོ་གང་ཉིད་མཆོག་གྷ་གལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ཀྱིས་གཙོས་འབྲེལ་ཡོད་མི་སྣ་ཁག་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་མཛད་འཆར་ལྟར་ན་༸གོང་ས་མཆོག་གིས་ཕྱི་ཟླ་ ༨ ཚེས་ ༢༩ ནས་ཕྱི་ཟླ་ ༩་ཚེས་ ༡ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡ་དང་ཨིན་ཌོ་ནེ་ཤི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐེ་ལེནཌི། ཝི་ཏི་ནམ་བཅས་ཀྱི་དད་ལྡན་རྣམས་ལ་ཉིན་བཞིའི་རིང་རྩ་བ་ཤེས་རབ་ཀྱི་འགྲེལ་པ་སངས་རྒྱས་བསྐྱངས་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་ཡིན་འདུག
དེ་ནས་ཕྱི་ཟླ་ ༩ ཚེས་ ༡༠ ཉིན་བྱང་ཕྱོགས་ཨ་ཡེར་ལེན་ཌིའི་ Northern Ireland ལོན་ཌོན་ཌེ་རིའི་ནང་བྱམས་བརྩེའི་ཉམས་ལེན་སྐོར་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་འཇར་མན་གྲོང་ཁྱེར་ཕེ་རེངྐ་ཕོཌ་ནང་དུ་འཇིག་རྟེན་ཀུན་ལ་ཁྱབ་པའི་བཟང་སྤྱོད་སོགས་ཀྱི་སྐོར་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་ཞིང་། བཀའ་སློབ་གོ་སྒྲིག་ཞུ་མཁན་བོད་ཁང་ཡིན་འདུག
ཕྱི་ཟླ་ ༩ ཚེས་ ༡༤ ཉིན་༸གོང་ས་མཆོག་གིས་ཁུལ་དེར་ནུབ་ཕྱོགས་ཚན་རིག་པ་དང་ལྷན་ཉིན་གཅིག་གི་བགྲོ་གླེང་དབུ་བཞུགས་མཛད་རྒྱུ་ཡིན་འདུག་པ་བཅས།།