༢༠༡༧ ཟླ་ ༨ ཚེས་ ༦ རེས་གཟའ་ཉི་མ།
༄༅། །སྐུ་ཞབས་ཝེན་ཀཡ་ནྱཌུ་ Shri Venkaiah Naidu མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པར་འོས་འདེམས་བྱུང་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་མཛད་འདུག
དེ་ཡང་དེང་སྐབས་༸གོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་མཛད་འཕྲིན་སྐྱོང་བཞིན་པའི་སྐབས་དང་བསྟུན་རྒྱ་གར་གྱི་སྲིད་འཛིན་གཞོན་པ་མཆོག་ལ་འཚམས་འདྲི་མཛད་དོན། བྱམས་སྙིང་རྗེ་དང་འཚེ་མེད་ཞི་བ། བཟོད་བསྲན་བཅས་ཀྱི་ལྟ་གྲུབ་གཞི་རྩར་བཟུང་བའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཤིན་ཏུ་ཕྱུག་པའི་རྒྱ་གར་འཕགས་པའི་ཡུལ་འདིར་སེམས་ཐག་ཧ་ཅང་ཉེ་བའི་མཛའ་བརྩེའི་ཚོར་བ་ཤུགས་ཆེན་པོ་ཞིག་དུས་རྟག་ཏུ་ངོས་ལ་ཡོང་བཞིན་འདུག
མི་འབོར་མང་ཞིང་སྐད་རིགས་དང་ཆོས་ལུགས། དེ་བཞིན་རིག་གཞུང་སོགས་འདྲ་མིན་ཧ་ཅང་མང་པོ་ཡོད་ཀྱང་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་དད་པ་དག་སྣང་ངང་གུས་བརྩི་ལྡན་པའི་བརྟན་ལྷིང་དང་འཆམ་མཐུན་གྱི་སྤྱི་ཚོགས་འདི་ནི་འཛམ་གླིང་སྤྱི་ལ་མིག་དཔེར་གྱུར་འོས་སུ་མཐོང་།
ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་མི་རིགས་དང་ཆོས་ལུགས་འདྲ་མིན་མཐུན་སྒྲིལ་ངང་མཉམ་གནས་ཐུབ་པའི་མིག་དཔེ་རུ་རྒྱ་གར་འཕགས་ཡུལ་འདི་ཉིད་ལུང་འདྲེན་བྱེད་སྐབས་ངོས་ཀྱི་སེམས་ནང་དགའ་སྤོབས་སྐྱེ་བཞིན་འདུག དེ་ནི་གཙོ་བོ་ཡུལ་འདིར་མང་གཙོ་དང་ཁྲིམས་ལུགས་དབང་སྒྱུར། དེ་བཞིན་སྨྲ་བརྗོད་དང་གསར་འགྱུར་རང་དབང་བཅས་ལ་ཆེ་མཐོང་ཧ་ཅང་ཞུ་བཞིན་པ་དེས་ཡིན།
རྒྱ་གར་ལམ་ལྷོངས་ལྡན་པའི་རྒྱལ་ཁབ་གཅིག་ངེས་པར་དུ་ཆགས་ཐུབ་པ་དགོས། གང་ཡིན་བརྗོད་ན་རྒྱལ་ཁབ་གཞན་མང་པོ་ཞིག་གིས་རྒྱ་གར་གྱིས་སྣེ་ཁྲིད་ཐུབ་པ་དང་བློ་སྟོབས་སྤེལ་ཐུབ་རྒྱུ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད།
འདི་ལོ་ནི་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་འབྱོར་ནས་མི་ལོ་ཧྲིལ་པོ་ ༥༨ འཁོར་བཞིན་ཡོད། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་མི་བཙན་བྱོལ་བ་ ༡༣༠༠༠༠ ལྷག་ལ་གནས་ཚང་གཡར་བ་ཙམ་མ་ཟད། མཐུན་འགྱུར་རོགས་ཕན་རྒྱ་ཆེ་གནང་དང་གནང་མུས་ཡིན་པར་བརྟེན་ངོས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
མང་གཙོའི་རིང་ལུགས་གཞི་རྩར་བཟུང་བའི་ཐོག་ནས་རྒྱ་གར་ནང་མུ་མཐུད་ཡར་རྒྱས་འགྲོ་བཞིན་པ་མཐོང་སྐབས་ང་ཚོའི་བསམ་བློའི་ནང་རང་བཞིན་གྱིས་དགའ་སྤོབས་ཧ་ཅང་སྐྱེ་བཞིན་འདུག ཅེས་བཀའ་སློབ་སྩལ་བ་དང་སྦྲགས། འདི་ལོའི་ཕྱི་ཟླ་ ༢ ནང་ཝི་ཛྱཡཱ་ཝ་ཌར་རྒྱལ་ཡོངས་བུད་མེད་ལྷན་ཚོགས་སྐབས་སྲིད་འཛིན་གཞོན་པ་ཁོང་དང་འཁྱུག་ཙམ་མཇལ་འཕྲད་མཛད་པ་ཐུགས་དྲན་གསོ་མཛད་པ་དང་སྦྲགས། སྲིད་འཛིན་གཞོན་པ་མཆོག་གིས་ལོ་མང་རིང་མང་ཚོགས་ཀྱི་བདེ་དོན་ཆེད་ཞབས་ཞུ་བསྒྲུབས་པའི་ཉམས་མྱོང་འོག་ཐེངས་འདིར་རྒྱ་གར་གྱི་སྲིད་འཛིན་གཞོན་པའི་གོ་གནས་ཀྱི་ཐུགས་འགན་བཞེས་སྐབས་ལས་དོན་གང་ཅིར་ཚགས་ཚུད་ཡོང་རྒྱུར་ཐུགས་རེ་མཛད་སྐོར་དང་། འབྱུང་འགྱུར་ལས་དོན་མཐའ་དག་ལ་བྱ་བ་ལམ་ལྷོངས་ཡོང་བ་དང་དཀའ་ངལ་རྣམས་ལ་སྙིང་སྟོབས་རྒྱུན་བཅངས་ཐོག་གདོང་ལེན་གནང་ཐུབ་པའི་རེ་སྨོན་ཡང་མཛད་པ་བཅས།།